༢༠༡༢ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་བརྒྱུད་ཀརྨ་བསྟན་འཛིན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱིས་ལོ་ལྟར་གསུང་ཆོས་གོ་སྒྲིག་ཞུ་བཞིན་པ་ལྟར་འདི་ལོའི་ཕྱི་ཟླ་༧ཚེས་༢༥ ནས་བཟུང་བྷུར་ཡ་དང་ཐུ་ཝའི་མངའ་ཁུལ་བྷེ་གལ་ཞེས་པའི་མཚོ་འགྲམ་གྱི་ཆོས་ཚོགས་སུ་ཉིན་གྲངས་བཅུ་གཅིག་རིང་ལམ་རིམ་དང་། ཞི་གནས་སོགས་ཀྱི་གསུང་ཆོས་གནང་ཡོད། གསུང་ཆོས་ཉིན་མཐའ་མའི་སྐབས་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་། རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གདན་ཞུས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་པ་དང་། གཞིས་བྱེས་བོད་མིའི་དཀའ་ངལ་གང་མགྱོགས་སེལ་ཐབས། རང་ལུས་མེ་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་བྱས་པའི་འཁྲིས་སུ་བསངས་གསོལ་གཞི་རྒྱ་ཆེ་བ་ཞིག་གནང་སྟེ་གསོལ་འདེབས་སྨོན་ལམ་གསུང་འདོན་གནང་རེད།
གསུང་ཆོས་ཀྱི་མཇུག་བསྡོམས་མཛད་སྒོའི་སྐབས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད། ཐེངས་འདིའི་གསུང་ཆོས་འདུ་འཛོམས་སྐབས་རྒྱལ་ས་མོ་སུ་ཁོ་སོགས་གྲོང་ཁྱེར་ཆེ་ཁག་ ༢༠ ནས་འབྱོར་བའི་རྒན་གཞོན་ཕོ་མོ་ཆིག་སྟོང་ལྷག་འཛོམས་ཡོད་པ་དང་། དེ་བཞིན་ཁལ་མུཀ་དང་། ཐུ་ཝ། བྷུར་ཡ་སོགས་པའི་མངའ་སྡེ་དང་། གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་གི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་འཐུས་མི་སོགས་ཀྱང་ཕེབས་ཡོད། སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་དམིགས་བསལ་གྱི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་དང་། འབྱུང་འགྱུར་བོད་དང་བོད་དོན་ནམ་ཡང་མ་བརྗེད་པའི་རེ་སྐུལ་ཀྱང་ཞུས་ཡོད་པ་བཅས།།