༢༠༡༢ ཟླ་ ༨ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༨ ཉིན་བོད་ཀྱི་དཔེ་མཛོད་ཀྱི་ཚོགས་ཁང་ནང་སྨོན་ལམ་བོད་ཀྱི་ཀུན་བཏུས་གློག་ཀླད་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་དང་འབྲེལ་བའི་མཁས་པའི་བགྲོ་གླེང་གི་ཚོགས་འདུར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ཁ་སང་ང་ཚོགས་འདུ་འདིར་མགྲོན་འབོད་གནང་སྐབས་ང་ལ་འདིའི་ཐོག་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་ངས་བཅར་ཆོག་ཅེས་ཞུས་པ་ཡིན། སྤྱིར་ང་རང་ཆོས་དང་རིག་གཞུང། དེ་བཞིན་ཆབ་སྲིད་བཅས་གང་ཅིའི་ཐོག་མཁས་པ་དང་བཤད་ཤེས་མཁན་དེ་འདྲ་མིན། ལྷག་པར་བརྡ་སྤྲོད་ཀྱི་ཐོག་དམིགས་བསལ་ཤོད་རྒྱུ་གང་ཡང་མི་འདུག འོན་ཀྱང་སྨོན་ལམ་གྱིས་འགོ་བཙུགས་པའི་ལས་གཞི་དེའི་ཐོག་ལ་ངའི་རྒྱབ་སྐྱོར་མཚོན་ཆེད་བཅར་བ་ཡིན། ད་ལྟའི་ལས་གཞི་འདི་ནི་ཞིབ་ཚགས་པོ་དང་རྒྱ་ཆེན་པོ། ཧ་ཅང་ཡག་པོ་ཞིག་མཐོང་སོང། འོན་ཀྱང་དོན་ཚན་རེ་རེའི་ཐོག་མཁས་པ་མང་པོས་གྲོས་བསྡུར་གནང་དགོས་རྒྱུ་དང། མཁས་པའི་ལྷན་ཚོགས་མང་པོ་གནང་སྟེ་བགྲོ་གླེང་གིས་དཔྱད་ཞིབ་གནང་དགོས་རྒྱུ་ཞིག་རེད་འདུག་བསམ་པའི་ཚོར་སྣང་བྱུང།
དེར་བརྟེན་རིམ་པས་ལས་དོན་ཐོག་དངོས་སུ་ལག་བསྟར་བྱེད་སྐབས་བགྲོ་གླེང་དང་ཞིབ་འཇུག་རྒྱ་ཆེ་ཙམ་གནང་རྒྱུའི་རེ་བ་ཡོད། ལྷག་པར་དྲ་ངོ་འགོ་འཛུགས་དེ་དགའ་ལྡན་ཕོ་བྲང་གིས་མཐུན་རྐྱེན་གནང་གི་ཡོད་སྟབས། སྤུས་དགདང་མ་འོངས་པར་ལས་གཞི་འདི་ཡག་པོ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཉིས་ནས་བོད་ནང་དང་འདི་གའི་གསར་རྩོམ་ཁག་གཅིག་ང་རང་ལྟ་བུ་མཚོན་ན་དུས་རྒྱུན་དེ་འདྲའི་ཐོག་ཉམ་མྱོང་མེད་པས་རྐྱེན་གྱི་ཡིན་སྲིད། མཚམས་རེ་གསར་རྩོམ་དེ་དག་གོ་མ་ཐུབ་པ་དང་གོ་མ་བདེ་བ། དོན་དག་མ་རྟོག་པ། དོན་དག་ལོག་པ་རྟོག་པ་དེ་ལྟ་བུ་མང་པོ་ཞིག་ཡོང་གི་འདུག དེར་བརྟེན་ཚིག་གི་བརྡ་སྤྱོད་བྱེད་སྟངས་ཀྱི་ཐོག་གཟབ་གཟབ་དང་གཏིང་ཟབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག རྡ་སར་ཆོས་ཚོགས་ཐེངས་དང་པོ་ཚོགས་པའི་སྐབས་དེར་མཁས་དབང་མང་པོ་ཞིག་ཕེབས་ཡོད་པའི་ནང་ནས་བོད་ཀྱི་ཡི་གེ་དེ་ལས་སླ་པོ་བཟོ་དགོས་ཀྱི་འདུག་ཅེས་དགོངས་འཆར་གནང་མཁན་མང་པོ་བྱུང་སོང། སྐབས་དེར་ཁག་གཅིག་གིས་རྗེས་མ་བཀའ་འགྱུར་བསྟན་འགྱུར་དེ་དག་ཀློག་རྒྱུ་མེད་པ་ཞིག་མ་བཟོས་རོགས་གནང་། དེ་ཀློག་རྒྱུ་ཡོད་པ་དང་དོན་གོ་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག་ཅེས་སྐབས་དེར་ཤུགས་ཆེ་བརྗོད་མཁན་བྱུང་སོང།
དེ་ནས་བཟུང་བོད་ཡིག་གསར་བཟོ་བྱེད་རྒྱུའི་ཐོག་རིམ་པས་འགག་སྟེ་དེ་ཙམ་བཟོ་ཐུབ་མེད་པ་ལྟ་བུ་ཆགས་སོང། ང་ཚོས་བརྡ་དང་ཐ་སྙད་མང་པོ་གསར་བཟོ་བྱེད་སྐབས། མ་འོངས་པར་བཀའ་འགྱུར་བསྟན་འགྱུར་སོགས་ཀློག་སྐབས་གོ་བ་མ་ལོན་པ་དེ་ལྟར་མི་ཡོང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། རྒྱ་ནག་ནང་ཡིན་ནའང་དེང་སྐབས་རྒྱ་ཡིག་རྙིང་པའི་ཐོག་གི་བཀའ་འགྱུར་དང་རྒྱ་ཡིག་གསར་མའི་ཐོག་གི་བཀའ་འགྱུར་ཞེས་གཅིག་གི་གཅིག་གིས་ཀློག་མ་ཐུབ་པ་དེ་འདྲ་མང་པོ་ཆགས་ཡོད། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་རྙིང་པ་དེ་དག་ཡག་པོ་གོ་ཐུབ་པ་དང་དོན་ཟབ་མོ་རྟོག་ཐུབ་པ་ཞིག་བཟོ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། དེང་སྐབས་བོད་ནང་བག་ཆགས་ཞེས་པའི་ཚིག་གི་གོ་དོན་དེ་ང་ཚོའི་ཆོས་ཀྱི་གོ་བ་མ་ཡིན་པར་གོ་བ་གཞན་ཞིག་ལེན་གྱི་ཡོད་པར་བརྟེན་བག་ཆགས་ཞེས་པའི་ཚིག་ལ་སྐྱོན་བརྗོད་བྱེད་རྒྱུ་སོགས་འདྲ་མིན་མང་པོ་བྱུང་བཞིན་འདུག དེར་བརྟེན་ང་ཚོས་ཚིག་གི་འགྲེལ་བཤད་རྒྱག་སྐབས་ཆོས་དང་རིག་གཞུང། མདོ་སྔགས་རིག་གནས་རྒྱལ་རབས་ཆོས་འབྱུང་བཅས་ཀྱི་ཐོག་རང་སྐྱ་ཕེར་བ་ཞིག་དགོས་ཀྱི་ཡོད་སྟབས། ཚན་པ་དེའི་ལས་བྱེད་པ་དེ་དག་གི་སྤུས་དག་ཤེས་ཚད་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བོད་པས་ལས་ཀ་གང་འདྲ་ཞིག་ཡིན་ནའང་འགོ་བཙུགས་སྐབས་གལ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ལོ་གཅིག་སོང་གཉིས་སོང་ནས་མཇུག་འཁྱོལ་དཀའ་བ་དེ་འདྲ་ཡོང་ཡོད་པས་དེ་ལྟར་མི་ཡོང་བ་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །