༢༠༡༢ ཟླ་ ༨ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༤ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༩ བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་པའི་སྤྱི་འཐུས་ཁག་གཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཁག་ཉི་ཤུ་རྩ་གསུམ་གྱི་གཞུང་ཚབ་པ་དང་གཞུང་ཚབ་པ་གཞོན་པ། ཆབ་སྲིད་སྡེ་ཚན་གྱི་མི་སྣ་ཁག་ཐུག་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཡང་སྒོས་བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོས་བྱེད་བཞིན་པའི་གནས་སྟངས་སྐོར་སོགས་སྙན་སེང་ཞུས་ཡོད། དེ་ཡང་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་བོད་མི་མང་སྤྱི་འཐུས་ཁག་གཅིག་ལྡི་ལིར་ཕེབས་ཏེ་ཕྱིའི་རྒྱལ་ཁབ་ཡུལ་གྲུ་ཁག་གི་གཞུང་ཚབ་པ་རྣམས་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང། སྐབས་དེར་རྒྱ་ནག་གཞུང་ཚབ་ཀྱིས་གཞུང་ཚབ་ཁག་ལ་བོད་མི་མང་སྤྱི་འཐུས་རྣམ་པ་ཐུག་འཕྲད་མ་གནང་རོགས་ཞེས་གཞུང་ཚབ་ཁག་ལ་ཡིག་ཐོག་བརྒྱུད་གནོན་ཤུགས་སྤྲད་ཡོད་པ་བཞིན། ཐེངས་འདིར་ནམ་རྒྱུན་དང་མི་འདྲ་བར་ཕྱིའི་གཞུང་ཚབ་ཁག་ཏུ་རྒྱ་ནག་གཞུང་ཚབ་ཀྱི་མི་སྣ་དངོས་སུ་བཅར་ཏེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་ཆེད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཐུག་འཕྲད་གནང་མི་ཆོག་པའི་གནོན་ཤུགས་སྤྲད་པའི་དབང་གིས་ཕྱིའི་རྒྱལ་གཞུང་ཚབ་འགའ་ཤས་ཀྱིས་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཐུག་འཕྲད་གནང་མེད་རུང་། སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་གཙོས་གཞུང་ཚབ་ཁག་ཉི་ཤུ་རྩ་གསུམ་གྱི་གཞུང་ཚབ་པ་སོགས་ཀྱིས་ཚོགས་གཙོ་མཆོག་དང་ཐུག་འཕྲད་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་མོལ་ལྷུག་པོ་གནང་འདུག ཐེངས་འདིའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་ཁག་གཅིག་གིས་ཕྱི་རྒྱལ་གཞུང་ཚབ་ཁག་ཐུག་རྒྱུའི་ལས་རིམ་དེར་ཚོགས་གཙོ་མཆོག་གིས་གསུང་དོན་ལྟར་ན། རྒྱ་ནག་གཞུང་ལ་དངངས་འཚབ་ཆེན་པོ་བྱུང་ཡོད་པར་བརྟེན་ཐེངས་འདིའི་ཐུག་འཕྲད་ཀྱི་ལས་རིམ་སྔ་ཕྱི་གཉིས་ཀར་བཀག་འགོག་བྱེད་རྒྱུའི་ཐབས་ཤས་བྱས་ཡོད་ནའང་། ཕྱི་རྒྱལ་གཞུང་ཚབ་ཁག་གིས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་རྣམ་པ་ཐུག་འཕྲད་སྐབས་སྤྱི་འཐུས་ཚོགས་གཙོ་མཆོག་དང་སྤྱི་འཐུས་རྣམ་པས་ད་བར་བོད་མི་ཁྱོན་མི་གྲངས་ ༥༡ ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་ཡོད་པ་དང། དེའི་ཁོངས་ནས་མི་གྲངས་ ༤༡ འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཇི་ཡོད་འདྲ་པར་དང་ལྷན་གཞུང་ཚབ་ཁག་ལ་ཕུལ་ཡོད་པ་མ་ཟད། ཁོང་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་སྲེག་གི་རྒྱུ་རྐྱེན་ལ་འཚོལ་ཞིབ་མ་བྱས་པར་ནང་མིའི་དཀའ་ངལ་དང་ཏཱ་ལའི་རུ་ཁག་གིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་སྐོར་བདེན་པ་མ་ཡིན་པའི་རྫུན་གཏམ་མང་པོ་བཤད་དེ་དོན་དངོས་ཀྱི་ཞིབ་འཇུག་ཡག་པོ་བྱེད་ཀྱི་མེད་སྐོར་གཞུང་ཚབ་ཁག་ལ་འགྲེལ་བརྗོད་ཞུས་ཡོད། དེ་བཞིན་བོད་མིའི་ངོས་ནས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ནང་ཆོས་དད་རང་དབང་མེད་པ་དང། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ ༥༠ ནང་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་དང། བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོས་བྱེད་བཞིན་པ་འདིས་བོད་མིའི་འཚོ་བའི་ཐོག་བརྡབ་གསིག་གཏོང་གི་ཡོད་སྐོར་དང། བོད་ནང་ཞི་བདེ་ཞིག་ཡོད་ན་ལྷོ་ཨེ་ཤི་ཡའི་ཁུལ་དུའང་ཞི་བདེ་ཡོང་རྒྱུ་གསལ་པོ་ཡིན་པའི་སྐོར་སོགས་སྙན་སེང་ཞུས་པ་བཞིན་གཞུང་ཚབ་ཁག་ནས་ཀྱང་བློ་འཚབ་དང་ཐུགས་ཁུར་ཆེ་བཞེས་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད། གཞུང་ཚབ་ཁག་ཐིུག་འཕྲད་ཀྱི་ལས་རིམ་འདིར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་དང། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་་མཚོན་སྤྱི་འཐུས་ལྔ་ལས་གྲུབ་པའི་སྤྱི་འཐུས་རྣམ་པས་ལྡི་ལིར་ཕྱི་རྒྱལ་གཞུང་ཚབ་ཁག་ལ་བཅར་ཡོད་པ་བཅས།།