༢༠༡༢ ཟླ་ ༨ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༦ ནས་ ༢༧ བར་ཉིན་གྲངས་གཉིས་རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ལྡི་ལི་བོད་ཀྱི་མཐོ་རིམ་སློབ་ཁང་གི་ཚོགས་ཁང་ནང་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་ལོ་རིམ་མཐའ་མའི་སློབ་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་དང་མ་འོངས་པའི་འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲད་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཟབ་སྦྱོང་གི་ཉིན་མཐའ་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་རང་ཟབ་སྦྱོང་གི་ཉིན་མཐའ་མར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུ་དེ་བོད་དང་རྒྱ་ནག་གཉིས་བར་སྐད་ཆ་བཤད་ནས་སེལ་དགོས་པ་ཞིག་རེད་མ་གཏོགས་ལུང་པ་གཞན་ཞིག་གིས་བོད་དོན་ཐོག་དམག་བརྒྱབ་ནས་ང་ཚོར་རང་བཙན་སྤྲོད་རྒྱུ་དང་། དེ་བཞིན་དབུ་མའི་ལམ་གྱི་ཐོག་ནས་རང་སྐྱོང་སྤྲོད་རྒྱུ་དེ་འདྲ་རྩ་བ་ནས་ཡོང་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། ང་ཚོས་མིའི་ནུས་པ་དང་གནས་སྟངས་དབང་གིས་ད་ལྟ་བར་རྒྱ་ནག་གཞུང་གི་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཆབ་སྲིད་ཀྱི་འགྱུར་བ་ཞིག་གི་ཐོག་སླེབས་པ་བཟོ་ཐུབ་མེད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་བོད་མི་རྒན་དར་གཞོན་གསུམ་གྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་སྐབས། རྒྱ་ནག་གཞུང་གིས་དྲག་གནོན་ཚད་ལས་བརྒལ་བ་བྱས་ཡོད། སྤྱིར་བཏང་ང་ཚོས་སྤྱི་ཚོགས་ནང་ལས་འགུལ་གང་འདྲ་ཞིག་སྤེལ་རུང། ང་ཚོའི་ཆིག་སྒྲིལ་གྱི་རྣམ་པར་དོ་ཕོག་མི་འགྲོ་བ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོ་སློབ་ཕྲུག་ཚོ་མཐོ་སློབ་ཐོན་རྗེས་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་ཐུབ་དང་མི་ཐུབ། དེ་བཞིན་ཕྱི་ཕྱོགས་སུ་བསྡད་ནས་བོད་སྤྱིའི་དོན་དུ་གང་ཞིག་བྱེད་ཐུབ་ཀྱི་ཡོད་མེད་ཐོག་ལ་བསམ་བློ་གཏོང་དགོས། ས་ཆ་ཞིག་ནང་བོད་པ་གཅིག་ལས་མེད་ཀྱང་བོད་སྤྱི་པའི་རྩ་དོན་ཐོག་ལས་འགུལ་སྤེལ་ཐུབ་པ་གནང་དགོས། ཁྱེད་རང་ཚོ་མཐོ་སློབ་ཐོན་ཏེ་སྤྱི་ཚོགས་ནང་ཕྱིན་རྗེས་བོད་སྤྱིའི་རྩ་དོན་ཐོག་རང་ནུས་གང་ཡོད་ཀྱིས་ལས་ཀ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །