༢༠༡༢ ཟླ་ ༨ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་ས་རཱ་བོད་ཀྱི་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༡༤ འཁོར་བའི་དུས་དྲན་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་ཡོད།
དེ་ཉིན་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་ས་རཱ་མཐོ་སློབ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གཙོས། རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། ཤེས་རིག་ལྷན་ཁང་གི་སྲོལ་རྒྱུན་སྡེ་ཚན་གྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། དེ་བཞིན་ས་རཱ་མཐོ་སློབ་ཀྱི་དགེ་སློབ་ལྷན་འཛོམས་ཐོག་ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ ༡༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་འདུག
དེ་ཡང་ཐོག་མར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་དུས་དྲན་ངོ་སྤྲོད་དང་ལས་བསྡོམས་སྒྲོགས་སྦྱང་གནང་ཡོད།
དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཤེས་ཡོན་འགན་འཛིན་གྱིས་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ བར་གྱི་མཐོ་རིམ་རིག་གནས་རབ་འབྱམས་པའི་ཡིག་རྒྱུགས་རྩེར་སོན་པ་ཁག་གཅིག་དང་། མཐོ་སློབ་ནང་ཁུལ་དུ་རྒན་དམ་པའི་རྗེས་དྲན་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་མཁན་བཅས་ལ་བྱ་དགའི་གཟེངས་རྟགས་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་ནས་ལོ་གཅིག་འཁོར་ཡོད། དེའི་རིང་ལ་ལས་དོན་ཐོག་འཐུས་ཤོར་ཕྱིན་མེད། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་གཞན་ལས་ལྷག་པ་ཞིག་བྱུང་ཡོད་པ་འདི་མི་རབས་རྒན་པ་དག་གི་བཀའ་དྲིན་ཡིན། བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་རྨང་གཞི་ཉིན་རེ་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད་པར་བརྟེན། བཙན་བྱོལ་སྤྱི་ཚོགས་འཐོར་ཞིག་ཏུ་མི་འགྲོ་བའི་བརྡ་ལན་ཞིག་རྒྱ་ནག་གཞུང་ལ་སྤྲད་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། བཀའ་ཤག་གི་ལྟ༌གྲུབ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་གསུམ་དང་དེ་བཞིན་བོད་རྒྱའི་གནད་དོན་སྐོར་ལ་ཡང་གསུང་བཤད་གནང་ཡོད།
མཛད་སྒོ་གྲོལ་རྗེས་བཀའ་ཁྲི་མཆོག་གིས་ཟུར་དུ་ས་རཱ་མཐོ་སློབ་ཏུ་འཚོགས་བཞིན་པའི་འབྱུང་འགྱུར་ལས་བྱེད་གསར་བསྐོའི་དམིགས་བསལ་ལས་བྱེད་ཟབ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོར་ཐུག་འཕྲད་གནང་སྟེ། ཟབ་སྦྱོང་སྐབས་སྦྱང་བརྩོན་གང་ལེགས་བྱ་དགོས་པ་དང་། དངོས་གཞིའི་ཚུད་རྒྱུགས་ཁྲོད་འདེམས་ཐོན་བྱུང་པ་རྣམས་གང་ཐུབ་ཐུབ་ཀྱིས་སོ་སོའི་སློབ་སྦྱོང་དང་འབྲེལ་བའི་ལས་གནས་ཁག་ཏུ་བསྐོ་འཇོག་བྱ་འཆར་ཡོད་ཀྱང་། རྩ་བའི་སྲི་ཞུ་བ་ཞིག་བྱ་འདོད་ཡོད་ཚེ་ལས་གནས་དང་ས་གནས་གང་ཞིག་ཏུ་བཏང་ཡང་འགྲོ་དགོས་ཡོད་སྐོར་གསུང་བཤདགནང་ཡོད།
སྤྱིར་བཏང་ས་རཱ་མཐོ་སློབ་ནི་བོད་ཀྱི་རིག་གནས་སློབ་གཉེར་བྱེད་ཡུལ་གྱི་མཐོ་སློབ་ཅིག་དང་། མཐོ་སློབ་འདིར་མཐོ་རིམ་རིག་གནས་འཛིན་གྲྭ་གསུམ་དང་། མཚམས་སྦྱོར་འཛིན་གྲྭ ཟུར་སྦྱོང་འཛིན་གྲྭ ནང་དོན་རིག་པའི་འཛིན་གྲྭ དགེ་རྒན་འོས་སྦྱོང་། ལས་བྱེད་འོས་སྦྱོང་། ཕྱི་རྒྱལ་འཛིན་གྲྭ རྒྱ་ཡིག་ལོ་ཙཱ་བའི་འཛིན་གྲྭ་བཅས་ཡོད་འདུག །