༢༠༡༢ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་དྲིལ་ཁོར་ཡུག་ཚན་པས་བཏང་གནས་ནང་འཁོད་དོན། ཕྱི་དྲིལ་ཁོར་ཡུག་ཚན་པས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༥ ནས་འགོ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་དགོན་ཁག་ཏུ་བོད་མཐོ་སྒང་གི་ཁོར་ཡུག་དང་འཛུགས་སྐྲུན་གྱི་གནས་སྟངས་སྐོར་གོ་རྟོགས་སྤེལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གཞིས་གྲོང་ ༤ པའི་མི་མང་ཁྱོན་མི་གྲངས་ ༩༠ ཙམ་འདུ་འཛོམས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་དང་འཛུགས་སྐྲུན་གྱི་གནས་སྟངས་སྐོར་པར་རིགས་ཀྱི་ལམ་ནས་ངོ་སྤྲོད་གནང་ཡོད། མི་རབས་རྒན་པ་རྣམས་ལ་སེམས་ཚོར་དྲག་པོ་བྱུང་ཡོད་པ་མ་ཟད།
གཞོན་སྐྱེས་ཚོས་ཀྱང་དོ་སྣང་ཧ་ཅང་བྱས་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་དང་རྒྱ་གཞུང་གིས་བོད་ནང་ཚུལ་མིན་གྱི་སྲིད་བྱུས་ལག་བསྟར་བྱས་རྐྱེན་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེ་བཟོས་ཡོད།
དེ་ཡང་གོང་ཚེས་ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕྱི་དྲིལ་ཁོར་ཡུག་ཚན་པས་བོད་མཐོ་སྒང་གི་ཁོར་ཡུག་དང་འཛུགས་སྐྲུན་གྱི་གནས་སྟངས་ངོ་སྤྲོད་ཀྱི་ལས་རིམ་གྲུབ་པ་དང་སྦྲགས། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཆེ་ཁག་ལྔའི་ནང་ཟླ་གཅིག་རིང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ངོ་སྤྲོད་ལས་རིམ་ཡོངས་སུ་ལེགས་པར་གྲུབ་ཡོད། ཁོར་ཡུག་ངོ་སྤྲོད་ཀྱི་སྐོར་བསྐྱོད་སྐབས་དེར་བོད་མི་སེར་སྐྱ་མི་མང་ཁྱོན་མི་གྲངས་ ༥༨༠༠་བརྒལ་བས་མཉམ་ཞུགས་གནང་ཡོད་པ་བཅས།།