༢༠༡༢ ཟླ་ ༨ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཉེ་ལམ་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་དུས་དེབ་ (The Parliament Magizine) ཀྱི་གསར་འགོད་པའི་དྲི་བར་༸གོང་ས་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ལན་འདེབས་གནང་བ་རྣམས་གཤམ་གསལ།
གྲོས་ཚོགས་དུས་དེབ། ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱ་ནག་གཞུང་ཚབ་པ་སྐུ་ཞབས་ཝུ་ཧེ་ལོང་གིས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་བབ་ཡོད་པའི་ས་ཁུལ་ཞིག་ཡིན་སྐོར་བརྗོད་པར་སྐུ་ཉིད་ཀྱིས་གསལ་བཤད་གང་གནང་རྒྱུ་ཡོད།
དམིགས་བསལ་སྐུ་ཚབ་མཆོག རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ནང་མང་གཙོའི་བཅོས་བསྒྱུར་བཏང་སྟེ་མི་མང་རྣམས་ཡུལ་གྱི་དབང་འཛིན་པ་བཟོས་ཡོད་སྐོར་བརྗོད་པ་ནི་དྲང་བདེན་རྩ་བ་ནས་མིན། བོད་མི་ཚོར་རང་གི་ལས་དོན་ཐག་གཅོད་བྱ་རྒྱུར་དབང་ཆ་ཕྲན་བུ་ཡོད་པའམ་སྐབས་རེ་དབང་ཆ་རྩ་བ་ནས་མེད། ས་གནས་སྲིད་གཞུང་གི་ལས་དོན་ཐག་གཅོད་བྱ་རྒྱུའི་དབང་ཆ་ཆ་ཚང་རྒྱ་ནག་དམར་ཤོག་ཚོགས་པ་དང་བོད་ནང་དུ་ཡོད་པའི་གུང་ཁྲན་ཡན་ལག་ལས་ཁུངས་ལ་ཡོད། བོད་མི་ཚོར་རྒྱ་ནག་དབུས་དང་ས་གནས་དམར་ཤོག་ཚོགས་པས་ཐག་གཅོད་གང་བྱས་པ་དེར་མིང་རྟགས་རྒྱག་རྒྱུ་ཙམ་ལས་གཞུང་གི་ལས་དོན་ལ་ཐག་གཅོད་བྱ་རྒྱུའི་དབང་ཆ་གང་ཡང་མེད།
རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ས་ཁུལ་གྱི་གཞུང་འཛིན་ལས་གནས་མཐོ་ཤོས་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་སུ་ད་བར་བོད་མི་གཅིག་ཀྱང་བསྐོ་གཞག་བྱེད་མྱོང་མེད། བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རང་སྐྱོང་ཚད་ལྡན་གྱི་ཐོབ་ཐང་དང་རང་དབང་མེད་པར་བརྟེན་འབུར་ཐོན་ཡོད་པའི་བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་དང་རིག་གཞུང་། ཆོས། སྐད་ཡིག་བཅས་སྲུང་སྐྱོབ་བྱ་རྒྱུར་ཉེན་ཚབས་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད། རྒྱ་ནག་གཞུང་ནས་རང་གི་འདོད་དབང་ལྟར་བོད་ནང་བཙན་ཐབས་ཀྱིས་བསྒྱུར་བཅོས་གཏོང་བཞིན་པའི་བྱ་སྤྱོད་དེ་ལས་བོད་ནང་རང་སྐྱོང་གི་ཐོབ་ཐང་ཡོད་ཟེར་བ་དེ་ནི་དོན་དངོས་ཐོག་སྟོང་བཤད་ཁོ་ན་ཡིན་པའི་ར་སྤྲོད་ཐུབ་བཞིན་ཡོད། དེར་བརྟེན་བོད་མི་ཚོར་དེང་སྐབས་འཕྲད་བཞིན་པའི་དཀའ་ངལ་གྱི་འབྱུང་རྩ་དེར་ཐུག་ཡོད།
གྲོས་ཚོགས་དུས་དེབ། བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་དེ་ནི་རྒྱ་ནག་གཞུང་གིས་ནམ་ཡང་གཡོལ་ཐབས་མེད་པའི་འོས་འགན་ཆེན་པོ་ཞིག་ཡིན་སྐོར་རྒྱ་གཞུང་གིས་ངོས་འཛིན་བྱེད་བཞིན་ཡོད་ཅེས་བརྗོད་པ་དེར་སྐུ་ཉིད་ཀྱིས་མོས་མཐུན་གནང་གི་ཡོད་དམ།
དམིགས་བསལ་སྐུ་ཚབ་མཆོག སྟབས་མ་ལེགས་པ་ཞིག་ལ་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང། ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བའི་གནས་སྟངས་འགྱུར་བ་ཆེན་པོ་ཞིག་གི་འོག བོད་མིའི་རིག་གཞུང་དང་སྐད་ཡིག ཆོས། བོད་ཀྱི་ཐུན་མིན་ཁྱད་ཆོས་སོགས་ལ་མུ་མཐུད་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེའི་འོག་བོད་མི་རྣམས་རང་གི་ཡུལ་དུའང་མི་རིགས་ཟུར་ཕུད་དུ་འགྲོ་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་མིའི་ཐུན་མིན་རིག་གཞུང་དང། སྐད་ཡིག ངོ་བོ་དེ་དག རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དབང་བསྒྱུར་བྱེད་རྒྱུར་ཉེན་ཁ་ཞིག་ལ་རྩི་བཞིན་ཡོད། རྒྱ་ནག་གི་འགོ་ཁྲིད་རིམ་པས་བོད་ཀྱི་ས་ཁུལ་གྱི་གནས་སྟངས་དེ་བཞིན་དམིགས་བསལ་བ་ཞིག་ཡིན་པར་ཡང་ཡང་ངོས་འཛིན་ཡོད་སྐོར་བཤད་ཡོད་ཀྱང་། གནས་སྟངས་དེ་ལ་གཞིགས་ཏེ་བསམ་ཤེས་དང་བཟོད་བསྲན། གུས་བཀུར་ལྡན་པའི་ཐོག་ནས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་གིས་དུས་རྟག་ཏུ་དྲག་གནོན་དང་སྡིགས་ར་བསྐུལ་བ་སོགས་དྲག་རྩུབ་ཁོ་ན་བདེ་སྤྱོད་བྱེད་བཞིན་ཡོད། བྱ་སྤྱོད་དེས་བོད་མིའི་ཁྲོད་རྒྱ་ནག་གཞུང་ལ་དེ་བས་མི་དགའ་བའི་གནས་ཚུལ་ཆེ་རུ་བཏང་བ་དང་ཡིད་ཆེས་མེད་པ་བཟོ་བཞིན་ཡོད།
གྲོས་ཚོགས་དུས་དེབ། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གི་གཞུང་ཚབ་པ་སྐུ་ཞབས་ཝུ་ཧེ་ལོང་གིས་རྒྱ་ནག་གཞུང་གིས་བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་འགྱུར་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་སྐོར་བརྗོད་པ་དེར་སྐུ་ཉིད་ལ་ལན་འདེབས་གནང་རྒྱུ་གང་ཡོད་དམ།
དམིགས་བསལ་སྐུ་ཚབ་མཆོག འབྱུང་རབས་ལོ་རྒྱུས་ཐོག་ནས་ལྟ་སྐབས་མི་སེར་སྤེལ་བའི་ལམ་ལུགས་ནང་འཁྱོག་བཤད་ཀྱི་བསྒྲགས་གཏམ་སྣ་ཚོགས་ཤིག་སྤེལ་ཏེ་རང་གི་མངོན་འདོད་རྣམས་བསྒྲུབ་ཐབས་བྱ་རྒྱུའི་ལམ་སྲོལ་ཡོད། རྒྱ་ནག་གཞུང་ནས་ཀྱང་བཅིངས་བཀྲོལ་དང་སྤྱི་ཚོགས་རིང་ལུགས། དེང་རབས་ཡར་ཐོན་ཅན་སོགས་ལ་ཁ་གཡར་ཏེ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྣ་ཚོགས་ཤིག་རྒྱ༌ཁྱབ་ཏུ་སྤེལ་ཏེ་བོད་ནང་རྒྱ་མིས་བཙན་འཛུལ་བྱས་པ་དང་བོད་ལ་རྒྱ་མིས་དབང་བསྒྱུར་བྱས་པ་དེ་རྒྱུ་མཚན་ལྡན་པ་ཞིག་བཟོ་ཐབས་བྱས་དང་བྱེད་མུས་ཡིན་པ་མ་ཟད། དྲིལ་བསྒྲགས་ལོག་པ་དེ་དག་འོག་རྒྱ་ནག་གཞུང་གིས་རྒྱ་ནག་མཚོ་འགྲམ་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ཆེད་ཉེ་བར་མཁོ་བའི་བོད་ཀྱི་རང་བྱུང་གཏེར་དངོས་རྣམས་བཤུ་གཞོག་གཏོང་རྒྱུའི་དངོས་ཡོད་ཀྱི་སྲིད་བྱུས་སྦས་ཐབས་བྱེད་བཞིན་ཡོད། སྲིད་བྱུས་དེའི་འོག་བོད་ཀྱི་ས་ཁུལ་དུ་རྒྱ་རིགས་ཧ་ཅང་མང་པོ་སྤོ་ཤུགས་ཀྱིས་དོ་ཕོག་ཧ་ཅང་འགྲོ་བཞིན་ཡོད། རང་ཡུལ་རྒྱ་ལག་ཏུ་ཤོར་རྗེས་བོད་མི་མང་པོ་ཞིག་གི་ལས་ཀ་བོད་ནང་གཞིས་ཆགས་པའི་རྒྱ་རིགས་ལག་ཤེས་ཅན་ཚོར་ཤོར་བཞིན་ཡོད། རྒྱ་རིགས་དེ་དག་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཟིན་ནས་བོད་ནང་སྤོ་ཤུགས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་གྱི་ལོ་ངོ་ ༦༠ ལྷག་རིང་བོད་ནང་དབང་བསྒྱུར་བྱས་རྗེས་རྒྱ་རིགས་ཧ་ཅང་མང་པོ་བོད་ནང་གནས་སྤོ་བྱས་རྐྱེན་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཏུ་འགྱུར་བཞིན་ཡོད།
གྲོས་ཚོགས་དུས་དེབ། བོད་མིའི་རིག་གཞུང་དེ་ཧ་ཅང་ཐུན་མིན་ཞིག་ཡིན། རྒྱ་ནག་གཞུང་གིས་འཛིན་སྐྱོང་འོག་བོད་མིའི་ཐུན་མིན་རིག་གཞུང་དེར་དོ་ཕོག་ཕྱིན་ཡོད་མེད་དང། གལ་ཏེ་ཕྱིན་ཡོད་ན་འགྲོ་སྟངས་གང་འདྲ་ཡིན་གསུང་རོགས།
དམིགས་བསལ་སྐུ་ཚབ་མཆོག རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ ལྷག་རིང་བོད་མིའི་ཐུན་མིན་སྲོལ་རྒྱུན་རིག་གཞུང་རྣམས་རྒྱ་ནག་གུང་ཁྲན་ཚོགས་པའི་ཆབ་སྲིད་དང་དཔལ་འབྱོར། དམར་པོའི་ལྟ་གྲུབ་སོགས་ཀྱི་དམིགས་ཡུལ་དང་མཐུན་པ་བཟོ་ཆེད་གཞུང་གིས་དམ་བསྒྲགས་འོག་འབད་བརྩོན་གང་ཡོད་བྱས་ཡོད་པ་མ་ཟད། དམིགས་ཡུལ་དེ་དག་བསྒྲུབ་སླད་ཆེད་མངགས་སྲིད་བྱུས་གཏན་འབེབས་ཀྱིས་ལག་བསྟར་བྱས་ཏེ་བསྲེས་ལྷད་མེད་པའི་བོད་མིའི་ཐུན་མིན་རིག་གཞུང་ལ་གཞི་རིམ་གྱི་བསྒྱུར་བཅོས་བཏང་སྟེ་རིག་གཞུང་གི་ངོ་བོ་རྩ་མེད་བཟོ་བཞིན་ཡོད། སྲིད་བྱུས་དེའི་དགོས་དམིགས་གཙོ་བོ་དེ་ནི་རྒྱ་ནག་གཞུང་གིས་བོད་མི་ཚོ་ལས་སླ་པོའི་ཐོག་ནས་དབང་བསྒྱུར་ཐུབ་ཆེད་ཡིན།
ཕྱི་ལོ་ ༡༩༩༧ ལོར་རྒྱལ་སྤྱིའི་ཁྲིམས་རྩོད་མཐུན་ཚོགས་ཀྱིས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན། ཞེས་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་འཁོད་དོན། མི་རིགས་དབྱེ་འབྱེད་མེད་པ་བཟོ་རྒྱུའི་རྒྱལ་སྤྱིའི་ཁྲིམས་ལུགས་དོན་ཚན་ཁག་གི་ནང་གསལ་ལྟར་ན། བོད་པའི་ཕྲུ་གུ་ཚོར་རང་གི་རིག་གཞུང་དང་ངོ་བོ། སྐད་ཡིག རིན་ཐང་སོགས་ལ་བརྩི་བཀུར་ཞུ་རྒྱུའི་སློབ་གསོ་བྱེད་དགོས་ཀྱང། བོད་ནང་གི་ཤེས་ཡོན་སློབ་གསོའི་སྲིད་བྱུས་དེས་བོད་པའི་ཕྲུ་གུ་ཚོའི་བསམ་བློའི་ནང་རྒྱ་ནག་གུང་ཁྲན་གྱི་ལྟ་གྲུབ་སློབ་གསོ་སྤྲད་དེ་བོད་མི་རང་གི་རིག་གཞུང་དང་སྐད་ཡིག ཆོས་སོགས་རྒྱ་མི་རིགས་ཀྱི་རིག་གཞུང་དང་བསྡུར་བ་ཡིན་ན་ཞན་པ་ཡིན་པའི་བསམ་བློ་བསྐྲུན་ཐབས་བྱ་རྒྱུར་ཕན་ཐོགས་བྱེད་བཞིན་ཡོད།
གྲོས་ཚོགས་དུས་དེབ། རྒྱ་ནག་གཞུང་གིས་འཛམ་གླིང་ཨོ་ལེམ་པིཀ་རྩེད་མོའི་འགྲན་བསྡུར་འགོ་འཛུགས་མ་བྱས་གོང་བོད་ནང་ཕྱི་རྒྱལ་གསར་འགོད་པ་བཏང་སྟེ་རང་དབང་ཐོག་ནས་གནས་ཚུལ་རྟོག་ཞིབ་བྱ་རྒྱུའི་གོ་སྐབས་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་དོན་དངོས་ལག་བསྟར་མ་བྱས་པ་དེར་གང་བརྗོད་རྒྱུ་ཡོད་དམ།
དམིགས་བསལ་སྐུ་ཚབ་མཆོག རྒྱ་ནག་གཞུང་གིས་སླར་ཡང་བོད་དེ་འཛམ་གླིང་ཕྱི་ལ་སྒོ་བརྒྱབ་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དམ་བསྒྲགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་རྣམས་འཛམ་གླིང་ཕྱི་ཕྱོགས་སུ་གྱར་དོགས་ཀྱིས་ཧ་ཅང་དམ་བསྒྲགས་དང་བཀག་སྡོམ་བྱེད་བཞིན་ཡོད། གསར་འགོད་པ་དང་ཕྱི་རྒྱལ་གཞུང་ཚབ་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཚོགས་མི་སོགས་བོད་ཀྱི་ས་ཁུལ་ཁག་ཏུ་གཏོང་གི་མེད་པ་མ་ཟད། ཉེ་ལམ་ཡུལ་སྐོར་སྤྲོ་འཆམ་པ་དཀྱུས་མར་ཡང་དམ་བསྒྲགས་བྱས་ཡོད། བོད་ནང་རྒྱལ་སྤྱིའི་མི་སྣ་ཚོར་དམ་བསྒྲགས་བྱས་པ་བརྒྱུད་རྒྱ་ནག་གཞུང་ལ་བོད་མི་ཚོའི་རང་དབང་ཐོག་དམ་བསྒྲགས་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད། རྒྱ་ནག་གཞུང་གིས་བོད་ནང་སྦས་སྐུང་བྱེད་དགོས་པའི་གནད་དོན་གང་ཡང་མེད་ཚེ། པེ་ཅིང་གཞུང་གིས་བོད་དེ་འཛམ་གླིང་ལ་སྒོ་ཕྱེ་སྟེ་བོད་ནང་དུ་རྒྱ་ནག་གཞུང་གིས་ཡར་རྒྱས་ཇི་འདྲ་བཏང་ཡོད་པ་དང། བོད་མི་ཚོ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་རྣམས་འཛམ་གླིང་མི་མང་ཚོས་དཔང་རྟགས་བྱེད་འཇུག་དགོས།
གྲོས་ཚོགས་དུས་དེབ། བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དེས་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་གནོན་ཤུགས་སྤྲོད་ཐུབ་བམ། བོད་མིའི་ཞི་རྒོལ་མུ་མཐུད་རྒྱུའི་རེ་བ་ཡོད་དམ།
དམིགས་བསལ་སྐུ་ཚབ་མཆོག བློ་ཕམ་པ་ཞིག་ལ་བོད་ནང་ཛ་དྲག་གི་ཞི་རྒོལ་བསྟུད་མར་ཇེ་ཆེར་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༤༩ དང་རྒྱ་གར་ནང་བོད་མི་གཅིག་གིས་རང་ལུས་མེར་སྲེག་བཏང་ཡོད། འདི་ལོ་གཅིག་པུའི་ནང་བོད་མི་ ༣༦ གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་ཡོད། རང་ལུས་མེར་སྲེག་གཏོང་མཁན་ཚང་མས་བོད་ནང་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་རེ་འདུན་འདོན་བཞིན་ཡོད། རྒྱལ་སྤྱིའི་ཚོགས་པས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་ཡོད་པའི་བརྡ་ལན་གཏོང་རྒྱུའི་ཛ་དྲག་གི་དུས་ལ་བབ་ཡོད། འཛམ་གླིང་མང་ཚོགས་ཀྱིས་བོད་མིའི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་བྱ་རྒྱུའི་རྣམ་པ་གསལ་སྟོན་བྱ་རྒྱུ་དང། བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་བའི་གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་ཐབས་བྱ་རྒྱུར་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཞིག་གཏོང་དགོས། དེར་བརྟེན་ད་ཆ་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐབས་ལམ་ནུས་ཤུགས་ཆེ་བ་ཞིག་བསྐྲུན་ཐབས་ཀྱིས་ཞི་བའི་ཐོག་གྲོས་མོལ་གྱི་ལམ་ནས་རྒྱ་བོད་མི་རིགས་གཉིས་སྨན་གྱི་ཐབས་ལམ་ཞིག་འཚོལ་ཐབས་བྱ་རྒྱུ་གལ་ཆེ་ཆགས་ཡོད།
དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་འདིས་རྒྱུན་ལྡན་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བཞིན་པ་དེ་ཙམ་གྱིས་ཧ་ཅང་རྙོག་འཛིང་དང་དཀའ་ངལ་ཡོད་པའི་བོད་ཀྱི་གནད་དོན་སེལ་ཐུབ་རྒྱུ་མིན་པའི་བརྡ་ལན་གསལ་པོ་བསྟན་ཡོད།
གྲོས་ཚོགས་དུས་དེབ། བོད་མི་ཚོར་ཆོས་དད་རང་དབང་ཡོད་དམ། གལ་ཏེ་མེད་ཚེ་དམ་བསྒྲགས་ཇི་འདྲ་ཞིག་སྤེལ་བཞིན་ཡོད་དམ།
དམིགས་བསལ་སྐུ་ཚབ་མཆོག ནང་ཆོས་ཉམས་ལེན་གྱི་གོ་དོན་སྙིང་པོ་རྟོགས་པར། ལུང་རྟོགས་ཀྱི་ཕྱུག་པའི་ཚད་ལྡན་གྱི་བླ་མ་དང་དགེ་བའི་བཤེས་གཉེན་སོགས་བསྟེན་ནས་རང་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་སྤེལ་ཆེད་ལོ་མང་པོའི་རིང་རིག་པ་འགྲིམ་སྟེ་འབད་བརྩོན་ཧ་ཅང་བྱེད་དགོས་པ་ཞིག་ཡིན། འོན་ཀྱང་བོད་ནང་དུ་རྒྱ་ནག་གཞུང་གིས་ཕྱི་ཚུལ་དུ་བོད་བརྒྱུད་ནང་བསྟན་བརྗོད་སྐབས། རྨོངས་དད་དང་སྒྲོ་འདོགས་ལྟ་བུ་ཡིན་པའི་རྣམ་པ་སྟོན་ཐབས་བྱེད་བཞིན་ཡོད་པ་མ་གཏོགས་བོད་བརྒྱུད་ནང་བསྟན་ཚད་ལྡན་ཞིག་ཉམས་ལེན་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད།
བོད་པའི་དགོན་སྡེ་ཁག་གི་ནང་སྲོལ་རྒྱུན་ལྟར་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱེད་རྒྱུར་དམ་བསྒྲགས་བྱས་པ་མ་ཟད། དགོན་པའི་ནང་དགེ་འདུན་པའི་གྲངས་འབོར་ཚད་གཞི་ངེས་ཅན་བཟོས་ཡོད། ཕྱི་ལོ་ ༡༩༩༦ ནས་བོད་མི་རྣམས་རྒྱལ་གཅེས་ཆོས་གཅེས་དང་རྡུང་རྡེག་ཚ་ནན། བསམ་བློར་བཅོས་སྒྲིག མང་འཚོ་ལེགས་བཅོས་སོགས་མིང་འདོགས་སྣ་ཚོགས་འོག་བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་སོགས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད།
གྲོས་ཚོགས་དུས་དེབ། སྐུ་ཉིད་ནས་བོད་ནང་བོད་སྐད་ལས་རྒྱ་སྐད་གཙོ་ཆེ་བ་འཛིན་བཞིན་ཡོད་སྐོར་གསུངས་བྱུང། འོན་ཀྱང་རྒྱ་ནག་གཞུང་ཚབ་པ་སྐུ་ཞབས་ཝུ་ཧེ་ལོང་ལགས་ཀྱིས་སྐད་ཡིག་གཉིས་ཀར་གལ་ཆེ་ཆུང་གཅིག་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར་བརྗོད་པ་དེ་བདེན་པ་ཇི་ཙམ་ཡིན་ནམ།
དམིགས་བསལ་སྐུ་ཚབ་མཆོག བོད་ཀྱི་སྐད་ཡིག་དེ་བཞིན་བོད་ནང་བེད་སྤྱོད་ཆུང་དུ་འགྲོ་བཞིན་པའི་གནས་སྟངས་དེར་བོད་ནང་གི་བོད་མི་ཤེས་ཡོན་ཅན་གྱི་མི་སྣ་མང་པོར་ཧ་ཅང་སེམས་འཚབ་བྱ་རྒྱུའི་གནད་དོན་ཞིག་ཏུ་གྱུར་ཡོད་པར་བརྟེན། ཤེས་ལྡན་མི་སྣ་འགའ་ཤས་ཀྱིས་ངོ་རྒོལ་ཡང་བྱས་ཡོད། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གཅེས་ནོར་དུ་ངོས་འཛིན་ཐོབ་པའི་དེང་རབས་བོད་མི་ཤེས་ཡོན་ཕུལ་བྱུང་བ་སྐུ་གཤེགས་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་ཕྱི་ལོ་ ༡༩༩༢ ལོར་གསུང་དོན། སྤྱིར་གཞུང་གི་ལས་ཁུངས་ཚང་མའི་ནང་དང་ཚོགས་འདུའི་སྐབས། དེ་བཞིན་གཞུང་གི་ཡིག་འབྲེལ་སོགས་བརྒྱུད་ལམ་ཚང་མའི་ནང་བོད་ཀྱི་སྐད་ཡིག་ཨང་དང་པོར་འཇོགས་རྒྱུ་ཡིན་ཞེས་དྲིལ་བསྒྲགས་བྱས་ཟིན་ཡང། རྒྱ་སྐད་གཙོ་བོ་བེད་སྤྱོད་བྱེད་བཞིན་ཡོད་པར་བརྟེན་ད་ཆ་བོད་མི་རྣམས་ཉེན་ཁའི་མཚམས་ལ་བསླེབས་ཡོད་སྐོར་གསུངས་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༠ ནང་ད་ཆ་རྒྱ་ནག་ནུབ་ཕྱོགས་ཁོངས་སུ་རྟོག་པའི་བོད་བྱང་ཤར་མཚོ་སྔོན་ཞིང་ཆེན་དུ། བོད་པའི་སློབ་གྲྭ་དང་མཐོ་སློབ་ཀྱི་བོད་མི་སློབ་ཕྲུག་སྟོང་ཕྲག་མང་པོས་བོད་མིའི་སྐད་ཡིག་དང་རིག་གཞུང་། ངོ་བོ་སོགས་རིམ་བཞིན་རྩ་མེད་དུ་འགྲོ་བཞིན་པ་དེར་སེམས་འཚབ་ཡོད་ཅེས་ཞི་བའི་ངོ་རྒོལ་བརྔམས་སྟོན་བྱས་ཡོད། སློབ་ཕྲུག་ཚོས་ཞི་རྒོལ་བྱེད་དགོས་པའི་འཕྲལ་གྱི་རྐྱེན་ནི་རྒྱ་ནག་ས་གནས་གཞུང་གིས་སློབ་ཚན་སློབ་འཁྲིད་བྱ་རྒྱུའི་སྐད་ཡིག་བརྒྱུད་ལམ་བོད་སྐད་ནས་རྒྱ་སྐད་དུ་བསྒྱུར་རྒྱུའི་བཀོད་ཁྱབ་བཏང་བ་ལས་བྱུང་བ་ཞིག་ཡིན། བོད་པའི་སློབ་ཕྲུག་རྣམས་ཀྱིས་ཞི་རྒོལ་ལས་འགུལ་དེ་བཞིན་མཚོ་སྔོན་ས་ཁུལ་འགའ་ཤས་ནས་རིམ་བཞིན་དར་འཕེལ་གྱིས་པེ་ཅིང་བར་ཁྱབ་སྟེ་ཁུལ་དེར་རྒྱ་ནག་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་པའི་སློབ་ཕྲུག་བརྒྱ་ཕྲག་འགའ་ཤས་ཡོད་པ་རྣམས་ཀྱིས་བོད་སྐད་ཉམས་ཆགས་འགྲོ་བཞིན་པ་དེར་སེམས་འཚབ་ཀྱི་རྣམ་པ་བཏོན་ཡོད། ཞི་རྒོལ་བྱུང་རྗེས་མཚོ་སྔོན་ཞིང་ཆེན་ནང་བོད་མི་ཚོར་རྒྱ་སྐད་གལ་ཆེན་པོ་ཡིན་པའི་ར་སྤྲོད་ཆེད་རྒྱ་སྐད་སློབ་ཁྲིད་བྱ་རྒྱུའི་ལས་འགུལ་ཐོག་དམིགས་བསལ་གྱིས་འབད་བརྩོན་བྱས་ཏེ་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ཐོག་ནས་བོད་པའི་སློབ་ཕྲུག་རྣམས་ཀྱིས་སོ་སོའི་མ་སྐད་བོད་སྐད་ནས་རིམ་བཞིན་རྒྱ་སྐད་ཐོག་ཁ་བསྒྱུར་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་ཡོད། ཅེས་ལན་འདེབས་གནང་ཡོད།
མཆན། མ་ཡིག་ཨིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།།