༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འཕྲོད་བསྟེན་བཀའ་བློན་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་གཅིག་གི་ལོ་འཁོར་ལས་དོན་ངོ་སྤྲོད་གནང་དོན། འདས་པའི་ལོ་གཅིག་འདིའི་ནང་འཕྲོད་བསྟེན་ལས་ཁུངས་ནས་ལས་གཞི་བསྒྲུབས་ཟིན་པ་དང་སྒྲུབ་བཞིན་པའི་གནས་སྟངས་སྐོར་ཞུས་ན། ༡༽ འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་ཐོག་མ་ད་ལོ་ཕྱི་ཟླ་ ༤ ཚེས་ ༡ ན་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་རྒྱུ་འགོ་བཙུགས་ཡོད། ལས་གཞི་འདི་གཞིས་ཆགས་ཁག་གི་ནང་ཡག་ཐག་ཆོད་འགྲོ་བཞིན་ཡོད། དེའི་ནང་མཉམ་ཞུགས་གནང་མཁན་ཚོགས་མི་བརྒྱད་སྟོང་མིན་ཙམ་དང། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་འགོ་བཙུགས་ཏེ་ད་བར་མཐུན་རྐྱེན་བཞེས་མཁན་མི་གྲངས་དྲུག་ཅུ་རེ་བདུན་ཙམ་བྱུང་སོང། ཉེ་ཆར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མི་ཚང་མར་ངོ་སྤྲོད་ལག་འཁྱེར་(Smart card) མཐུན་འགྱུར་ཞུས་དང་ཞུ་མུས་ཡིན། ད་ལྟའི་ཆར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་ནས་སྦེལ་ཀོབ་ནང་ངོ་སྤྲོད་ལག་འཁྱེར་ཆ་ཚང་བཟོས་ཟིན་ཡོད། དེ་ནས་རིམ་བཞིན་ལས་གཞི་འདིའི་ཁོངས་སུ་འཛུལ་ཞུགས་བྱེད་མཁན་ཡོད་སའི་གཞིས་ཆགས་ཁག་སུམ་ཅུ་སོ་གསུམ་ནང་ངོ་སྤྲོད་ལག་འཁྱེར་སྤྲོད་རྒྱུའི་ལས་རིམ་འགྲོ་བཞིན་ཡོད།
༢༽ལས་གཞི་གཞན་ཞིག་ནི་འཕྲོད་བསྟེན་གྱི་གྲངས་ཐོ་ལས་གཞི་འདི་ཚགས་ཚུད་ཡོང་ཆེད་དམིགས་བསལ་གྱི་ཁྱད་ལས་པ་སྨན་པ་གཅིག་ཟུར་དུ་བསྐོ་གཞག་བྱས་ཡོད། མ་འོངས་པར་འཕྲོད་བསྟེན་གྲངས་ཐོའི་ལས་གཞི་འདི་ཚགས་ཚུད་དང་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད།
༣༽ འཕྲོད་བསྟེན་ལས་ཁུངས་ནང་དཀའ་ངལ་ཆེ་ཤོས་སྨན་པ་འདང་ངེས་མེད་པ་དེ་ཆགས་ཡོད། སྨན་པའི་གྲངས་ཐོ་མང་དུ་གཏོང་ཆེད་འདི་ལོ་བོད་མིའི་སྒྲིག་འཛུགས་ཀྱི་སྨན་པའི་ཟུར་བཅད་ཞབས་སྟེགས་ཐོབ་མཁན་སློབ་མ་གྲངས་གསུམ་ལ་བཀའ་ཤག་གིས་རྒྱབ་སྐྱོར་དང་སྦྲགས་བསྐྱར་བཅོས་བྱེད་པའི་གན་རྒྱ་བཞག་ཐུབ་པ་བྱུང་ཡོད་པ་མ་ཟད། གན་རྒྱ་གསར་པ་འདི་སྨན་པའི་སློབ་སྦྱོང་གནང་མཁན་ཚང་མར་འཇོག་བཅུག་རྒྱུ་ཡིན། བོད་མིའི་གཞིས་ཆགས་ཁག་ནང་སྨན་པའི་ཕྱག་ལས་གནང་མཁན་མང་དུ་གཏོང་ཆེད་སྨན་པའི་གསོལ་ཕོགས་ཀྱིས་གཙོས་མཐུན་འགྱུར་གཞན་རྣམས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་ཞུས་དང་ཞུ་མུས་ཡིན།
༤༽ འཕྲོད་བསྟེན་སློབ་གསོའི་ལས་འགུལ་ཐོག་འཕྲོད་བསྟེན་ལས་ཁུངས་ནས་འབད་བརྩོན་ཤུགས་ཆེ་ཞུ་རྒྱུ་ཡིན། ད་ལོ་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་འཛམ་གླིང་འཕྲོད་བསྟེན་དང་འབྲེལ་བའི་ཉིན་མོ་ཁག་མང་པོ་ཞིག་ཡོད་པ་དེ་དག་འཕྲོད་བསྟེན་ལས་ཁུངས་ངོས་ནས་གཞུང་འབྲེལ་ཐོག་སྲུང་བརྩི་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་དང།
ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་རྒྱལ་སྤྱིའི་མཆིན་པའི་གཉན་ཚད་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཡོད། དེ་འཕྲོད་བསྟེན་ལས་ཁུངས་ནས་གཞུང་འབྲེལ་གྱི་ཐོག་མ་སྲུང་བརྩི་ཞུས་ཡོད། དེ་དང་ཆབས་ཅིག་ང་ཚོས་འཕྲོད་བསྟེན་སློབ་གསོའི་ལས་གཞི་འོག་ནད་གཞི་འགོས་ནད་དང་འགོས་ནད་མིན་པ་གཉིས་ཀའི་ཐོག་སློབ་གསོའི་ལས་འགུལ་རྒྱ་ཆེ་རུ་གཏོང་རྒྱུའི་འབད་བརྩོན་ཞུ་གི་ཡིན། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཀོ་ལི་གྷལ་གཞིས་ཆགས་སུ་སྨན་ཁང་གསར་རྒྱག་ཞུས་ཡོད་པ་མ་ཟད། སྨན་ཁང་གི་སྨན་པ་དང་འགན་འཛིན་གྱི་ལས་ཤག་ཚད་ལྡན་ཞིག་གསར་རྒྱག་ཞུས་ཡོད། དེ་བཞིན་ལ་དྭགས་བོད་མིའི་གཞིས་ཆགས་སུའང་སྨན་ཁང་གསར་པ་ཞིག་གང་མགྱོགས་བསྒྲུབ་རྒྱུ་ཡིན་པས་དེའི་འགོ་འབྱེད་ཆེད་ང་རང་ཕྱི་ཟླ་ ༨ པའི་ཟླ་མཇུག་ཏུ་ལ་དྭགས་སུ་འགྲོ་རྒྱུ་ཡིན། དེ་བཞིན་ཊི་བྷི་ནད་གཞི་སྔོན་འགོག་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཟུང་འབྲེལ་ཐོག་ནས་ཧི་མཱ་ཅལ་མངའ་སྡེདང་སྦེལ་ཀོབ། མོན་གྷོ་བཅས་ཀྱི་སློབ་གྲྭ་ཁག་དང་དགོན་སྡེ་ཁགགི་ནང་ཊི་བྷི་ནད་གཞི་རྩད་གཅོད་ཆེད་ཊི་བྷི་རི་ཆི་ (TB Reach) ཞེས་བརྗོད་བཞིན་པའི་ལས་གཞི་འདིའི་ལས་རིམ་དང་པོ་དེ་ང་ཚོས་འདི་ལོ་གོ་སྒྲིག་ཞུས་ཏེ་སློབ་ཕྲུག་དང་གྲྭ་བཙུན་མང་པོ་ཞིག་ལ་ཊི་བྷི་ནད་གཞི་ཡོད་མེད་བརྟག་དཔྱད་ཀྱི་ལས་གཞི་རྒྱ་ཆེ་ཞིག་འགོ་བཙུགས་ཟིན་ཡོད། ལས་གཞི་འདི་དང་འབྲེལ་ནས་ཧུན་སུར་འཕྲོད་བསྟེན་སྨན་ཁང་ལ་ང་ཚོས་ནད་པ་འོར་འདྲེན་ཆེད་རླངས་འཁོར་ཞིག་འབོད་སྐུལ་ཞུས་ཡོད། སྦེལ་ཀོབ་དང་མོན་གྷོ་གཞིས་ཆགས་སྨན་ཁང་གཉིས་ཀར་ཊི་བྷི་ནད་གཞི་རིམ་པ་གསུམ་པ་བརྟག་དཔྱད་བྱེད་ཆེད་འཕྲུལ་ཆས་ཚད་དང་ལྡན་པ་ཇིན་ཨེ་སི་པ་ཊི་(Gene Xpert) ཞེས་པ་སྨན་ཁང་གཉིས་ཀར་ང་ཚོས་རོགས་རམ་ཞུ་ཐུབ་ཡོད། དེ་ནས་ངོས་རང་གཞུང་འབྲེལ་ཕྱོགས་བསྐྱོད་སྐོར་ཞུས་ན། འདི་ལོའི་ཕྱི་ཟླ་ ༤ ནང་ཐེ་ཝན་རྒྱལ་ས་ཐེ་པེ་ནང་འགྲོ་རྒྱུའི་གོ་སྐབས་བྱུང། སྐབས་དེར་ཐེ་ཝན་འཕྲོད་བསྟེན་ལས་ཁུངས་ཀྱི་བློན་ཆེན་ལས་ཐོག་དང་བློན་ཆེན་ཟུར་པ་གཉིས་ཀར་མཇལ་རྒྱུ་བྱུང། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཙམ་མ་ཟད། ཐེ་ཝན་སོའི་སྨན་པའི་ཚོགས་པ་དང་དེ་དང་འབྲེལ་བའི་ནང་པའི་ཆོས་ཚོགས་ཁག་གི་འབྲེལ་ཡོད་མི་སྣ་མང་པོ་ཞིག་དང་མཇལ་འཕྲད་བྱུང། སྐབས་དེར་ཐེ་ཝན་དང་བོད་མིའི་འཕྲོད་བསྟེན་དང་བླངས་ཚོགས་པ་གཉིས་ཀྱི་དབར་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་ཆེད་གན་རྒྱ་ཞིག་འཇོག་རྒྱུའི་ལས་རིམ་བང་སྒྲིག་ཡོད། དེ་རྗེས་པོ་ལེན་ཌིའི་རྒྱལ་ས་ཝར་སོ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕྱིན་པ་ཡིན། ཁུལ་དེར་ཝར་སོའི་སྨན་པའི་མཐོ་སློབ་ལ་རྒྱལ་སྤྱིའི་སྨན་དང་འབྲེལ་བའི་ཚོགས་འདུ་ཞིག་ལ་བཅར་བ་ཡིན། སྐབས་དེར་པོ་ལེན་ཌིའི་འཕྲོད་བསྟེན་དང་ཤེས་རིག་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་པོ་ལེན་ཌིའི་གཞུང་ནས་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་སྐོར་ཐབས་ཤེས་ཇི་འདྲ་ཡོད་མེད་འབད་བརྩོན་ཞུས་ཡོད།
མཐའ་མ་དེར་འཕྲོད་བསྟེན་ལས་ཁུངས་ནས་རྒྱང་བཅོས་ཀྱི་ལས་གཞི་ཊེ་ལི་མེ་ཌི་སིན་(Tele medicine) ཞེས་པ་འདི་སྨན་པ་འགྲོ་མ་ཐུབ་པའི་ས་ཆ་ཧ་ཅང་ལུང་ཁུག ང་ཚོར་སྨན་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན་དེ་སྤེལ་ཐབས་ལ་ང་ཚོས་རྒྱ་གར་བྱང་ཤར་ཁུལ་དུ་ཐབས་ཤེས་བྱེད་རྒྱུ་བྱས་ཀྱང་ཁུལ་དེར་དྲ་རྒྱ་དང་གློག་གི་དཀའ་ངལ་ཡོད་སྟབས་ཐབས་ཤེས་ཐུབ་མ་སོང། དེར་བརྟེན་ཐེངས་འདིའི་རྒྱང་བཅོས་ཀྱི་ལས་གཞི་འདི་བཞིན་ཨོ་རི་ས་དང་མན་པར་གཞིས་ཆགས་སུ་ལས་གཞི་འདི་འགོ་འཛུགས་བྱེད་རྒྱུའི་ཐབས་ཤེས་བྱེད་མུས་ཡིན། རིང་མིན་ཟླ་བ་གཅིག་གཉིས་ནང་གཞིས་ཆགས་དེ་གཉིས་ནང་ང་ཚོས་རྒྱང་བཅོས་ཀྱི་ལས་གཞི་འདི་བཞིན་འགོ་འཛུགས་ཐུབ་པའི་རེ་བ་ཆེན་པོ་ཞུ་བཞིན་ཡོད། འདི་གའི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་འཕར་གཙོས་པའི་འབྲེལ་ཡོད་ལས་བྱེད་ཚང་མས་ཧུར་ཐག་འབད་ཐག་ཐོག་ནས་ཕྱག་ལས་གནང་མུས་ཡིན། འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་ཡོད་པའི་བརྒྱ་དཔོན་བཅུ་དཔོན། དེ་བཞིན་དགོན་སྡེ་ཁག་དང་སློབ་གྲྭ་ཁག་མི་དམངས་ཚང་མར་འཕྲོད་བསྟེན་ཐོག་དོ་སྣང་མང་ཙམ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུངས་ཡོད།།