༢༠༡༢ ཟླ་ ༨ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །འདི་གར་བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གིས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མི་འགྱངས་པར་བོན་གཞིས་ཐོབ་རྒྱལ་གསར་པར་སྐོར་བསྐྱོད་གནང་འཆར་ཡོད་པ་ཐོས་འཕྲལ། ཕྱི་ལོ་༢༠༡༢ ཟླ་ ༨ ཚེས་ ༢༠ ཉིན་བོན་གཞིས་ས་གནས་འགོ་འཛིན་རྒན་ཆེན་ཚང་གཡུང་དྲུང་འཆི་མེད་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བ་ར་ཚེ་དབང་བཀྲ་ཤིས་ལགས་རྣམ་གཉིས་ཀྱིས་ཆེད་དུ་ས་གནས་ཚོགས་པ་ཁག་གི་འཐུས་མི་རེ་གདན་ཞུས་ཀྱིས་༼བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་༽ཞེས་པ་ཞིག་གསར་འཛུགས་ཞུས་ཡོད། འདི་ཟླའི་ཕྱི་ཚེས་ ༢༤ ཉིན་རྒྱ་གར་བྱང་ཁུལ་གྱི་བདེན་པའི་མེ་ལྕེ་སིམ་ལར་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། གོང་ཚེས་ ༢༤ ཉིན་སོ་ལན་བོན་གཞིས་ས་གནས་སུ་འབྱོར་སྐབས་བོན་གཞིས་ས་གནས་གཞིས་འགོ་དང་། བོན་གཞིས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་མི། བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཞོན། གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྐུ་ཚབ། བོན་གཞིས་སྨན་རི་གྲྭ་ཚང་གི་སྐུ་ཚབ། ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ། བོན་གཞིས་བཙུན་དགོན་གྱི་སྐུ་ཚབ། གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། བོན་བུ་ཁྱིམ་ཁང་གི་སྐུ་ཚབ་དང་ས་གནས་འཕྲོད་ལས་པ་བཅས་ལས་གྲུབ་པའི་བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གིས་ས་གནས་ཨོ་ཇི་སྒར་དུ་བདེན་པའི་མེ་ལྕེར་ཕེབས་བསུ་ཞུས་ཏེ་བོན་གཞིས་སྔགས་དགོན་དུ་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེས་དབུས་དགེ་འདུན་སེར་སྐྱ་ཡོངས་ནས་བསྟར་ཕྲེང་བསྒྲིགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་༢༥ཉིན་གྱི་སྔ་དྲོ་ནས་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འོག་ས་གནས་ཉིན་སློབ་ཏུ་སྐོར་བསྐྱོད་སྐབས་ས་གནས་ཉིན་སློབ་ཀྱི་སློབ་སྤྱིས་དབུས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཞུས། སྐབས་དེར་གོ་སྒྲིག་ཚོགས་ཆུང་གིས་ངོ་སྤྲོད་གསུང་བཤད་དང་ས་རྟགས་བསྡུ་རུབ་གནང། ཕྱི་དྲོར་དཔལ་གཤེན་བསྟན་སྨན་རིའི་དཔེ་མཛོད་དུ་བཤད་སྒྲུབ་མཁན་རིན་པོ་ཆེ་དང་གཞིས་འགོ་རྣམ་གཉིས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་འདུས་མང་གྲྭ་ཚང་ཡོངས་ལ་ངོ་སྤྲོད་དང་མཚན་རྟགས་བསྡུ་རུབ་ཞུས། ཕྱི་ཚེས་ ༢༦ ཉིན་བོན་གཞིས་ཚོགས་ཁང་དུ་བོན་གཞིས་མང་ཚོགས་ཡོངས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་དེའི་དགེ་མཚན་དམིགས་ཡུལ་སོགས་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་གསུང་བཤད་དང་མང་ཚོགས་ཡོངས་ཀྱི་མཚན་རྟགས་བསྡུ་རུབ་ཞུས། ཉིན་རྒྱབ་བོན་གཞིས་བཙུན་དགོན་རད་ན་སྨན་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཞུ་སྐབས་ཀྱང་བཙུན་དགོན་གྱི་དགེ་སློབ་ཡོངས་ཀྱིས་ཕེབས་བསུ་དང་། གོ་སྒྲིག་ཚོགས་ཆུང་ནས་ངོ་སྤྲོད་གསུང་བཤད་དང་ས་རྟགས་བསྡུ་རུབ་ཞུས་ཡོད།
ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་ཁག་ཆ་བགོས་ཀྱིས་སོ་ལན་ (Solan )གྲོང་ཁྱེར་དུ་བདེན་པའི་མེ་ལྕེ་ངོ་སྤྲོད་དང་རྒྱ་གར་ཡུལ་མི་ཁག་གི་ས་རྟགས་བསྡུ་རུབ་གནང། ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གིས་སྣེ་འཁྲིད་འོག་སོ་ལན་གྲོང་ཁྱེར་དུ་སྨན་རིའི་གྲྭ་ཚང་གི་དགེ་འདུན་ཡོངས་དང་། བོན་གཞིས་མི་མང་དང་། ས་གནས་ཉིན་སློབ་ཀྱི་འཛིན་གྲྭ་ལྔ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་ཡོངས། ཁུ་ནུ་བའི་བདེ་སྡུག་ཚོགས་པའི་འགན་འཛིན་དང་ཚོགས་མི་རྣམ་པ། སོ་ལན་ནོར་གླིང་ཁྲོམ་སའི་ཚོང་ལས་མི་མང་རྣམ་པ། རྒྱ་གར་ས་གནས་ཡུལ་མི་རྣམ་པ་བཅས་འདུ་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་ཡོད་པ་མ་ཟད། ངོ་སྤྲོད་གསལ་བཤད་ཧིན་ངྷི་དང་དབྱིན་ཡིག་ཐོག་ཡོད་པ་སྟོང་ཕྲག་མང་པོ་འགྲེམས་སྤེལ་གྲུབ་མཐར་སེར་སྐྱ་མི་ཚོགས་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་འདོན་གནང་སྟེ་མཇུག་སྒྲིལ་གནང།
ཕྱི་ཚེས་ ༢༨ ཉིན་བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ལས་སྣེ་རྣམས་ཀྱིས་བདེན་པའི་མེ་ལྕེ་ས་གནས་བོན་གཞིས་ནས་སོ་ལན་གྲོང་ཁྱེར་བརྒྱུད་ཅན་ངྷི་གྷར་ལ་ཕེབས་སྐྱེལ་གྱིས་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་བརྒྱུད་སྤྲོད་ཞུས་ཡོད་པ་བཅས།།