༢༠༡༢ ཟླ་ ༨ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༡ ཉིན་ལོན་ཌོན་དུ་འཚུགས་པའི་འཛམ་གླིང་ཨོ་ལེམ་པིཀ་རྩེད་འགྲན་སྐབས་བུད་མེད་གོམ་འདུར་རྒྱུག་རྒྱང་ཐག་སྤྱི་ལེ་ ༢༠ འགྲན་བསྡུར་སྐབས་(Women’s Race Walking) རྒྱ་ནག་གི་རྩེད་འགྲན་པའི་ཁོངས་སུ་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་སུ་ཨང་གསུམ་པའི་རྒྱལ་ཁ་ཐོབ་སྟེ་ཟངས་ཀྱི་རྟགས་མ་བླངས་ཡོད།
དེ་ཡང་ཨེ་པི་གསར་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན་བུད་མེད་འདུར་རྒྱུག་འགྲན་བསྡུར་སྐབས་དེར་ལྟད་མོ་ལྟ་མཁན་ཁོངས་སུ་ཡོད་པའི་བོད་རིགས་རྣམས་ཀྱིས་བུ་མོ་ཆོས་དབྱིངས་སྐྱིད་ལགས་སུ་སེམས་ཤུགས་སྤར་ཆེད་དགའ་བསུའི་སྐད་སྒྲ་ཤུགས་ཆེ་བསྒྲགས་ཡོད། དེ་བཞིན་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཁོ་མོ་ཨོ་ལེམ་པིཀ་རྩེད་འགྲན་ཁྲོད་རྟགས་མ་ལོན་མཁན་བོད་པའི་སྐུ་ཚབ་ཐོག་མ་དེ་ཆགས་པར་དགའ་སྤོབས་ཆེན་པོ་བྱུང། ཞེས་བརྗོད་ཡོད། ཁོ་མོས་འདུར་རྒྱུག་འགྲན་བསྡུར་དེའི་ནང་ཨང་གཉིས་པ་ཐོབ་མཁན་ཨུ་རུ་སུ་ནས་ཡིན་པའི་ཨི་ལི་ན་ལེ་ཤི་མ་ནོ་ཝ་ (Elena Lashmanova) ལས་སྐར་ཆ་བཅུ་བཞིའི་རྗེས་ལུས་ཐེབས་ཡོད། དེ་ཡང་གནད་དོན་དེ་དང་འབྲེལ་ནས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨེ་པི་གསར་ཁང་གི་ཆེད་དོན་དྲི་བར་ལན་འདེབས་གནང་དོན། ཁོ་མོ་མི་སྒེར་པ་ཞིག་གི་ཆ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཁོ་མོར་རྒྱལ་ཁ་ཐོབ་རྒྱུར་ཧ་ཅང་དཀའ་ལས་བརྒྱབ་ཡོད་ངེས་རེད། འོན་ཀྱང་ཁོ་མོས་བོད་མིའི་རང་དབང་ཅན་གྱི་སྐུ་ཚབ་མཚོན་མ་ཐུབ་པར་བློ་ཕམ་བྱུང། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་གནད་དོན་འདི་དག་བེད་སྤྱོད་བྱེད་བཞིན་ཡོད། དངོས་ཡོད་གནས་ཚུལ་ནི་ཨོ་ལིམ་པིཀ་རྩེད་འགྲན་ནང་བོད་རིགས་མཉམ་ཞུགས་བྱེད་བཞིན་པ་དེས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་རྣམས་ཚབས་ཆུང་དུ་གང་ཡང་ཕྱིན་མེད། ཅེས་གསུངས་ཡོད། རྩ་བའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ནི་བོད་མདོ་སྨད་ཨ་མདོ་མཚོ་བྱང་འབྲོག་པའི་ཁྱིམ་ཚང་ཞིག་ནས་ཡིན། ཁོ་མོ་ཆུང་དུས་ནས་བོད་ནང་རྒྱུག་འགྲན་འགོ་བཙུགས་པ་དང་། དེ་རྗེས་ཁོ་མོས་ལུས་རྩལ་གྱི་སློབ་གྲྭ་ཞིག་གི་ནང་འཛུལ་ཞུགས་བྱས་ཡོད་པ་བཅས།།