༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ཉིན་ནང་་སྲིད་ལས་ཁུངས་ནས་བཏང་གནས་འཁོད་དོན། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ཕྱི་ལོ་ ༢༠༡༢། ཟླ་ ༡ ཚེས་ ༢༡ ཉིན་མེའོ་ཆོས་འཕེལ་གླིང་དུ་ཨ་རུ་ན་ཅལ་གཞིས་ཆགས་ཁག་ནས་གཞིས་མི་ཆིག་སྟོང་ཞིག་ཁེ་ན་ཊར་གཞིས་ཆགས་ཀྱི་ངོ་བོར་གཏོང་ལེན་གནང་རྒྱུའི་ལས་གཞི་དངོས་སུ་འགོ་འཛུགས་གསལ་བསྒྲགས་བསྐྱངས་རྗེས། ཁེ་ན་ཊར་གཞུང་གི་ལམ་སྟོན་ལྟར་གོང་གསལ་གཞིས་ཆགས་ཁག་གི་སྒྲིག་ཁོངས་ནས་ཁེ་ན་ཊར་གཞིས་སྤོ་བྱ་བློ་ཡོད་རིགས་ཀྱི་སོ་སོའི་མིང་ཐོ་(Expression of Interest ) འགེངས་ཤོག་བཀང་ལེན་ཐོག་བསྡུ་ལེན་ཕྱོགས་བསྡོམས་ལྟར་གཞིས་སྤོ་ལས་གཞིའི་ཁོངས་སུ་འགྲོ་བསྐྱོད་བྱ་བློ་ཡོད་པ་གཞིས་མི་རྒན་གཞོན་ཁྱོན་མི་གྲངས་ ༦༧༧༢ བྱུང་ཡོད། གྲངས་འབོར་དེ་ནས་མི་གྲངས་ ༡༠༠༠ ས་མིག་ཡོད་པ་དེ་དག་གཞིས་ཆགས་སོ་སོའི་མི་འབོར་མང་ཉུང་ལ་གཞིགས་ཏེ་གཞིས་ཆགས་ནང་གསེས་ཆ་བགོས་ཀྱིས་གཞིས་ཆགས་སོ་སོའི་མི་འགྲོའི་ཐོབ་ཆ་རྒྱན་རྒྱག་གིས་གཏན་འབེབས་བྱ་རྒྱུའི་ཆེད་སྟན་འཛིན་སྒང་གཞིས་ཆགས་དང་དེའི་ཁྱབ་ཁོངས་འབུམ་སྡེ་ལ། རྟ་དབང༌། རུ་པ། རྡི་རང་བཅས་ཁ་འཐོར་ས་གནས་ཁག་དང༌། མེའོ་ཆོས་འཕེལ་གླིང༌། ཏི་ཛུ་དར་རྒྱས་གླིང་བཅས་གཞིས་ཆགས་ཁག་ཏུ་ཕྱི་ལོ་ ༢༠༡༢། ༦། ༢༩ ནས་ཕྱི་ལོ་ ༢༠༡༢། ༨། ༡༦ ནང་སྲིད་ལས་ཁུངས་ཀྱི་འབྲེལ་ལས་དང་ས་གནས་སོ་སོའི་ས་གནས་འགོ་འཛིན་གྱིས་དཔལ་ལྡན་བཀའ་ཤག་ནས་མི་འགྲོ་འདེམས་སྒྲུག་གི་འོས་ཆོས་ལམ་སྟོན་གཏན་འབེབས་ལྟར་
དོ་བདག་སོ་སོའི་རྒྱབ་རྟེན་ཡིག་ཆ་ཞིབ་བཤེར་དང་འབྲེལ་རྒྱན་གཞིའི་འགེངས་ཤོག་བཀང་ལེན་བྱེད་སྒོ་མཇུག་བསྒྲིལ་ཟིན་ཡོད། ས་གནས་ཁག་ཏུ་ཡིག་ཆ་ཞིབ་བཤེར་དང་རྒྱན་གཞིའི་འགེངས་ཤོག་བཀང་ལེན་སྐབས་ས་གནས་སོ་སོའི་མི་མང་གི་ཐུགས་འདོད་ལྟར་མི་མང་གི་ངོ་ཚབ་ཏུ་ས་གནས་འཐུས་མི་ཚོགས་འདུའི་ཚོགས་གཙོ་དང༌། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞིས་གྲོང་ཁག་གི་སྤྱི་མི་བརྒྱ་དཔོན་བཅས་ལས་སྣེ་རྣམས་ནས་ཟུར་དཔང་གི་ཚུལ་དུ་ཞིབ་བཤེར་ལས་དོན་ལ་བརྟག་ཞིབ་དང་ས་བབ་རྒྱུས་སྟོན་གནང་འོས་གནང་ཡོད། ཀྲུ་ཀྲིང་ ༼ཐོ་ཕུལ་མི་གྲངས་ ༡༡༡༢༽ དུ་སྐབས་དེར་བགྲོད་ལམ་གྱི་དཀའ་ངལ་ཀྱིས་རྐྱེན་པས་འགྲོ་བསྐྱོད་ཐུབ་མེད་སྟབས་འཆར་ཕྱི་ཟླ་ ༡༠ ནང་གོང་བཞིན་རྒྱན་གཞི་གཏན་འབེབས་ཀྱི་ལས་འགོ་འཛུགས་རྒྱུ་ཡིན། གཞིས་ཆགས་ཁག་གསུམ་གྱི་རྒྱན་གཞིའི་གནས་སྟངས་ཇི་བྱེད་གཟིགས་བདེའི་ཤོག་ལྷེ་ཟུར་དུ་ཕུལ་ཡོད། རྒྱན་ཐོན་བྱུང་བའི་མིང་ཐོ་ཁེ་ན་ཊར་མི་འགྲོ་དེ་དག་བསུ་ལེན་གྱི་ལས་འགན་རྐང་བཞེས་མཁན་ཁེ་ན་ཊར་བོད་རིགས་སྤྱི་མཐུན་ཚོགས་པ་ Project Tibet Society (PTS) ལ་ཁུངས་གཏོང་གིས་དེ་ནས་ཁེ་ན་ཊར་གཞིས་སྤོ་ལས་ཁུངས་ནས་མཐོང་མཆན་ཞུ་སྨིན་བཞིན་བསུ་ལེན་གནང་རྒྱུ་དང༌། མི་འགྲོ་གང་ཞིག་གཞིས་སྤོ་ལས་གཞིའི་ནང་ཚུད་དང་མ་ཚུད་མཐའ་མའི་ཐག་གཅོད་ཁེ་ན་ཊར་གཞུང་གི་འབྲེལ་ཆགས་ལས་ཁུངས་ Citizenship Immigration Canada (CIC) རང་ནས་གནང་རྒྱུ་ཡིན་འདུག གོང་གསལ་ས་གནས་ཁག་ཏུ་རྒྱན་རྒྱག་ལས་དོན་ཕྱི་ལོ་ ༢༠༡༢ ཟླ་ ༩ ནང་ཚུད་མཇུག་སྒྲིལ་བྱས་ཟིན་པ་ཞུ་རྒྱུ་བཅས།།
༼ཁེ་ན་ཌར་བོད་མི་གཞིས་སྤོས་ཀྱི་རྒྱན་ཤོག་རེའུ་མིག་གཟིགས་རྒྱུར་འདིར་གནོན།༽