༢༠༡༢ ཟླ་ ༨ ཚེས་ ༢༤ རེས་གཟའ་པ་སངས།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༣ ཉིན་རྡ་ས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཚོགས་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་གནང་བའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ལྔ་པ་མཇུག་སྒྲིལ་གནང་ཡོད། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕེབས་ཡོད་པ་དང། གཞན་ཡང་སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱང་ཕེབས་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་ཐོག་མར་སྦྱོང་བརྡར་བ་རྣམས་ཀྱི་སྐུ་ཚབ་ཀ་སྦུག་ནས་ཕེབས་པ་པད་མ་སྙན་གྲགས་ལགས་ཀྱིས་སྦྱོང་བརྡར་སྐབས་ཀྱི་མྱོང་ཚོར་གསུང་དོན། སྦྱོང་བརྡར་སྐབས་གོ་སྒྲིག་ཞུ་ཕྱོགས་དང་སློབ་ཚན་གཏན་འབེབས་གནང་ཕྱོགས། དེ་བཞིན་དངོས་སུ་ཤེས་ཡོན་མི་སྣ་ཚོས་སློབ་ཁྲིད་གནང་སྟངས་སོགས་ཕྱོགས་གང་ཐད་ནས་འདོད་བློ་ཁེངས་པ་ཞིག་བྱུང་། སླད་ཀྱང་སྦྱོང་བརྡར་འདི་ལྟ་བུ་གང་མང་གོ་སྒྲིག་གནང་ཐུབ་ན་དགེ་མཚན་ཆེན་པོ་འདུག ཅེས་སོགས་གསུངས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སྦྱོང་བརྡར་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གྱི་ལག་ཁྱེར་གནང་བ་དང་། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་མིང་ཐོ་དེབ་འགོད་བགྱིས་པ་རྣམས་ལ་ཁྲིམས་རྩོད་པའི་ཕྱག་ཁྱེར་གནང་གྲུབ་བསྟུན།
ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་མཇུག་བསྡོམས་གསུང་བཤད་སྐབས། ཐེངས་འདིའི་སྦྱོང་བརྡར་གྱི་གྲུབ་འབྲས་ལ་བསྔགས་བརྗོད་དང་འབྲེལ་གསུང་དོན། གཞིས་ཆགས་ཁག་དང༌། ཁ་འཐོར་བོད་རིགས་མང་ཚོགས་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་སྐབས་ས་གནས་ཀྱི་མི་འབོར་ལ་གཞིགས་པས་ཚོགས་བཅར་བ་ཉུང་བ་དང༌། དེ་དག་ཀྱང་བོད་མི་རྒན་གྲས་ཅན་མ་གཏོགས་ན་གཞོན་སློབ་སྦྱོང་ཡོད་མཁན་ཆེས་ཉུང་ངུ་ལས་ཡོང་གི་མི་འདུག གནད་དོན་དེར་བརྟེན། གལ་ཏེ་གཞིས་ཆགས་ནང་གཞིས་མི་ནང་ཕན་ཚུན་མ་མཐུན་པའི་རྩོད་གླེང་བྱུང་སྐབས་ཁ་མཆུ་ཞུ་གཏུག་བྱ་རྒྱུའི་ཁྲིམས་ལུགས་འགྲོ་སྟངས་ཤེས་མཁན་མེད་པས་གཞིས་མི་ཡིག་རྨོངས་དང༌། ཉམ་ཐག་རིགས་ལ་དཀའ་ངལ་འཕྲད་སྲིད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ད་ཕན་ཁྱབ་ཁོངས་བོད་མིའི་གཞིས་ཆགས་དང༌། ཁ་འཐོར་བོད་རིགས་མང་ཚོགས་ཁྲོད་ནས་སློབ་སྦྱོང་ཡོད་རིགས་ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་སྤྲད་པ་ཡིན་ཞེས་དང་།
སྦྱོང་བརྡར་ཐོན་པ་རྣམས་ཀྱིས་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ནང༌། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པ་ལྟར། ཁྲིམས་ཀྱིས་དབང་སྒྱུར་མ་གཏོགས། གང་ཟག་གིས་དབང་སྒྱུར་མི་འབྱུང་ཕྱིར། བོད་མི་སྤྱི་སྒེར་དང༌། ལྷག་པར་ཡིག་རྨོངས་དང་ཉམ་ཐག་རྣམས་ལ་གྱོད་གཞི་ཞུ་གཏུག་བྱ་དགོས་ཚེ་ཁྲིམས་རྩོད་པའི་ས་ནས་ལམ་སྟོན་ཞུ་ཐུབ་པའི་དགེ་མཚན་དང༌། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོང་ཐབས་བྱ་རྒྱུ་ནི་ཆེས་མཐོའི་ཁྲིམས་ཁང་གིས་དམིགས་ཡུལ་ཡིན་ཞེས་དང་།
ད་ལན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་སྲི་ཞུ་བ་ཁག་གཅིག་ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་འདིའི་གོ་སྐབས་ཕུལ་དགོས་དོན་ནི། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་མ་ལག་དང་བཅས་པའི་ནང༌། མ་མཐུན་པའི་གནད་དོན་འབྱུང་སྐབས་སྲི་ཞུ་བ་དེ་དག་གིས་ཁ་མཆུ་ཞུ་གཏུག་བྱ་རྒྱུར་ཁྲིམས་ཀྱི་འགྲོ་ལུགས་ཤེས་པའི་ཕན་ཐོགས་ཡོང་རྒྱུ་དང༌། གཉིས་ནས་སྲི་ཞུ་བ་རྣམས་ཕྱོགས་མཐའི་བོད་མིའི་གཞིས་ཆགས་ཁག་ལ་ཡང་གནས་སྤོ་འགྲོ་དགོས་པར་སོང་། རང་རང་གི་ཁྱབ་ཁོངས་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ཀྱི་འགྲོ་ལུགས་གོ་རྟོགས་སྤེལ་ཐུབ་པའི་དགེ་མཚན་ཡང་ཆེན་པོ་ཡོད། འོན་ཀྱང་རང་ཉིད་སྲི་ཞུ་བ་ཡིན་བཞིན་དུ་གཞན་གྱི་ཁྲིམས་རྩོད་པའི་ལས་ཀ་གནང་ཚེ་སྲི་ཞུ་བའི་བླང་དོར་སྒྲིག་གཞི་དང་འགལ་འགྲོ་ཡི་ཡོད། རང་ཉིད་སྲི་ཞུའི་ལས་བྱེད་ནས་རྩ་དགོངས་ཞུས་མཚམས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ཐོག་ཐུགས་ཕན་སོས་པའི་ཕྱག་ལས་གནང་རྒྱུར་ཕན་ཐོགས་ཡོང་གི་རེད་ཅེས་སོགས་གསུངས་གྲུབ་བསྟུན།
སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ཀྱི་སྔར་སྲོལ་ཁྲིམས་ཀྱི་བྱུང་འཕེལ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་གི་དགོས་དམིགས་དང་སྙིང་དོན་ངོ་སྤྲོད་དང་སྦྲགས། ཁྲིམས་ཞིབ་པ་དང་ཁྲིམས་རྩོད་པའི་ཀུན་སློང་ཁྱེར་སྟངས་དང་། སྤྱི་ཚོགས་ལ་དྲང་བདེན་དང་འདྲ་མཉམ་གྱི་བཟང་སྤྱོད་བསྐྲུན་རྒྱུར་ཁྲིམས་ཞིབ་པ་དང་ཁྲིམས་རྩོད་པའི་ལས་འགན་དང་བྱེད་ནུས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་ཡོད། དེ་ནས་སྤྱི་ཁྱབ་ཁྲིམས་དྲུང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲུབ་ཡོད།
ཐེངས་འདིའི་ཉིན་བཅུ་རིང་གི་སྦྱོང་བརྡར་གྱི་སློབ་གཞི་གཙོ་བོ་ནི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ཡིན་པ་དང་། དེ་མཚུངས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་བཀོད་པའི་ཁྲིམས་ལུགས་དབང་འཛིན་སྐོར་གྱི་དོན་ཚན་ཁག་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་། དཔང་རྟགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་གལ་ཆེན་ཁག བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་བླང་དོར་ཞུ་སྒོའི་ལམ་སྟོན་བཅས་ཀྱི་སློབ་ཁྲིད་གནང་ཡོད་ཅིང་། སྦྱོང་བརྡར་གྱི་མཐའ་མའི་ཉིན་གཉིས་དང་ཕྱེད་ཀའི་རིང་། སྦྱོང་བརྡར་བ་རྣམས་ཚོགས་ཆུང་ཁག་བཞིར་བགོས་ཏེ། ཚོགས་ཆུང་ཕན་ཚུན་དབར་རྟོག་བཟོའི་ཁ་མཆུ་དཔེ་མཚོན་ ༨ བཟོས་ཏེ། ཞུ་རྩ་ཞུ་ལན་བཟོ་འགོད་དང་རྩོད་བཤད་སོགས་གཏུག་བཤེར་གྱི་བྱ་རིམ་དངོས་གཞིའི་ཐོག་ལག་ལེན་དམར་ཁྲིད་བྱས་ཡོད་ལ། སྐབས་དེ་དག་ཏུ་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་གཙོས་པའི་སློབ་ཁྲིད་གནང་མཁན་རྣམ་པ་ཟུར་བཞུགས་ཐོག ཁ་མཆུ་ཞུ་གཏུག་གི་ལག་ལེན་དམར་ཁྲིད་སྐབས། སློབ་ཁྲིད་གནང་མཁན་རྣམ་པ་རེས་མོས་ཀྱིས་རྩོད་བཤད་ལ་འགོ་འདོམས་གནང་སྟེ། སྐབས་འཕྲལ་སོ་སོར་ལམ་སྟོན་གནང་ཡོད་པ་བཅས། །