༢༠༡༢ ཟླ་ ༨ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧། ༢༨ བཅས་ཉིན་གཉིས་རིང་རྡ་ས་ནོར་གླིང་བོད་ཀྱི་རིག་གཞུང་བསྟེ་གནས་ཁང་གི་ཚོགས་ཁང་དུ་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཚོགས་ (SARD) པས་གོ་སྒྲིག་འོག་ལས་དོན་འཆར་སྒྲིག་དང་བྱུས་བཀོད་ཀྱི་ཟབ་སྦྱོང་། (Srtategic Development Planning) ཞེས་པའི་བརྗོད་གཞིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་བཅས་ལ་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་རྗེས་དཔལ་འབྱོར་ལས་ཁུངས་ཀྱི་ཟུང་དྲུང་དབང་འདུས་ལགས་ཀྱིས་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གསལ་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན།
ཟབ་སྦྱོང་འདི་འདྲ་ཞིག་ལ་བརྟེན་ནས་འབྱུང་འགྱུར་ང་ཚོའི་ལས་དོན་བྱེད་ཕྱོགས་ཐད་ཏན་ཏན་ཕན་ཐོགས་ཡོང་བའི་རེ་བ་ཡོད།
ཟབ་སྦྱོང་སྤྲོད་མཁན་རྣམ་པས་དཀའ་ངལ་འཛེམ་མེད་ཐོག་ཆར་དུས་སྐབས་རྒྱ་གར་གུ་ཇུ་རཱ་ཐི་མངའ་སྡེ་ནས་འདིར་ཆེད་ཕེབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་ཞུ་རྒྱུ་གལ་ཆེ་ཡིན་སྐོར་དེ་སྔ་བཀའ་ཤག་ལྷན་རྒྱས་སྐབས་གོ་བསྡུར་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས།
ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་སློབ་ཁྲིད་གནང་མཁན་རྒྱ་གར་བ་གཙུག་ལག་སློབ་དཔོན་སྐུ་ཞབས་ཧི་ཏེ་ཤི་བྷ་ཊི་མཆོག་ (Prof. Hitesh Bhat) དང་ལྕམ་སྐུ་བྷ་སི་ཝ་ཏི་ཅཀ་ར་བྷོ་ཊི་ (Ms. Bhaswati Chakrovorty) མཆོག སྐུ་ཞབས་སན་ཇིབ་ཀུ་མཱར་གུཔྟ་ (Mr. Sanjeev Kumar Gupta) མཆོག་བཅས་ཡིན་འདུག