༢༠༡༢ ཟླ་ ༨ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་པར་གྷ་ཏི་མེ་དྷན་(Pragati Maidan)གྱི་(Foreign Correspondent’s Club)ཞེས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ལས་ཁང་གི་ཚོགས་ཁང་དུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད།
དེ་ཡང་གསར་འགོད་ལྷན་ཚོགས་ཐོག་ཕྱི་ནང་གི་གསར་འགོད་པ་ ༥༠ བརྒལ་བར་ལྷན་འཛོམས་ཀྱིས་ཐོག་མར་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ལས་ཁང་གི་འགན་འཛིན་གཞོན་པ་ཌིན་ནེལ་སོན་ལགས་ཀྱིས་བཀའ་ཁྲི་མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནི་མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཅིག་ཡིན་པ་མ་ཟད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་སའི་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་ཡིན་པ་སོགས་ངོ་སྤྲོད་གནང་ཡོད། དེ་ནས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་ཡོད། དེ་བཞིན་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་ལྷག་པར་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་འདི་བཞིན་ཁྲིམས་མཐུན་ཀྱི་མགྲིན་ཚབ་པ་ཞིག་ཆགས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་ལྟར་བོད་མི་རྣམས་ནས་མང་གཙོའི་ལམ་སྲོལ་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། བོད་མིའི་འཐབ་རྩོད་དེ་ཡང་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་ནས་བྱེད་བཞིན་ཡོད། མང་གཙོའི་ལམ་སྲོལ་དང་འཚེ་མེད་ཞི་བ་གཉིས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ནམ་ཡང་དོར་ཐབས་མེད་པའི་ལྟ་གྲུབ་ཅིག་ཡིན་ཞེས་གསུངས་ཡོད།
དེ་བཞིན་བཀའ་ཁྲི་མཆོག་གིས་གསུང་དོན། ངོས་ནས་བཀའ་ཁྲིའི་འགན་འཁུར་དམ་འབུལ་ཞུས་རྗེས་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། དེང་སང་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་གི་མེད་པ་མ་ཟད། ལྷ་སའི་ནང་གནས་སྐོར་ཡོང་མཁན་བོད་མི་ཚོའི་ངོ་སྤྲོད་ལག་འཁྱེར་རྒྱ་ནག་གཞུང་ནས་ཞིབ་བཤེར་སྐབས་ཁམས་དང་ཨ་མདོའི་ཁུལ་ནས་ཡིན་པ་རྣམས་ཕྱིར་ལོག་བྱེད་ཀྱི་ཡོད། ལྷ་སའི་ནང་གནས་སྡོད་བྱེད་མཁན་བོད་མི་རྣམས་གྲོང་ཁྱེར་ནང་ཕར་འགྲོ་ཚུར་འོང་བྱེད་སྐབས་མི་ཊར་སུམ་ཅུའི་ས་ཐིག་ནང་ཞིབ་བཤེར་ཡང་ཡང་བྱེད་བཞིན་ཡོད། དེ་བཞིན་བོད་ནང་དྲག་ཆས་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། བོད་མི་རྣམས་ལ་སྨྲ་བརྗོད་དང། འདུ་འཛོམས་ཀྱི་རང་དབང་མེད་པ། ཞི་རྒོལ་བྱེད་མ་བཅུག་པ་སོགས་དམ་བསྒྲགས་ཀྱི་གནས་སྟངས་འདི་ལྟ་བུའི་འོག་བོད་མི་མང་པོ་གང་བྱུང་འཛིན་བཟུང་དང། མནར་གཅོད། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་བསྟུད་མར་ཡོང་བཞིན་ཡོད། དེར་བརྟེན་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་ཁྱོན་བོད་མི་གྲངས་ ༤༩ རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས་བོད་མི་ ༤༠ འདས་གྲོངས་སུ་གྱུར་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་འགུལ་འདི་རིགས་མ་གནང་བའི་འབོད་སྐུལ་ཞུས་ཡོད། བོད་ནང་རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་ཀྱིས་དགོས་འདུན་གཙོ་བོ་ནི། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་ཞེས་པ་འདི་གཉིས་ཡིན། དེར་བརྟེན་ངོས་ལ་ཆབ་སྲིད་ཀྱི་འགན་དབང་ཡོད་པའི་ཆ་ནས་ཁོང་རྣམས་ཀྱི་རང་སྲོག་བློས་གཏོང་གནང་དགོས་དོན་སྐོར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དྲིལ་བསྒྲགས་དང་འབོད་སྐུལ་ཞུ་བཞིན་ཡོད། བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་རྒྱལ་སྤྱིའི་སྐུ་ཚབ་དང་རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་ད་བར་དེ་ལྟར་བྱུང་མེད། འབྱུང་འགྱུར་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་རྒྱུ་མཚན་ལྡན་པའི་ཐོག་ནས་བསམ་ཞིབ་ཀྱིས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་དང་ཆིག་སྒྲིལ་སླད་བོད་ཀྱི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་རེ་བ་ཡོད། ཅེས་གསུངས་ཡོད།
ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་ཉེ་ལམ་འབར་མའི་ནང་པ་དང་ཁུལ་དེར་གནས་སྡོད་ཁ་ཆེ་རིང་གྷི་ཡ་ཞེས་པའི་དབར་གྱི་འཁྲུག་རྩོད་རྣམས་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་བརྒྱུད་བསྒྲགས་བྱེད་སྐབས། བོད་པའི་དགེ་འདུན་པ་རྣམས་ཀྱི་འདྲ་པར་བེད་སྤྱོད་ལོག་པ་བཏང་སྟེ་ཁ་ཆེའི་ཡུལ་གྲུ་ཁག་དང་ལྷག་པར་པ་ཀི་སི་ཐན་གྱི་དྲ་རྒྱའི་ནང་དུ་བོད་མི་དགེ་འདུན་པས་མིའི་ཕུང་པོ་སྤུངས་པའི་མདུན་དུ་ལང་པའི་འདྲ་པར་ཡོད་པ་དེ་འདྲ་བཅུག་ཡོད།འདྲ་པར་དེ་དག་ནི་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་སྐབས། དགེ་འདུན་པ་རྣམས་ཀྱིས་ངལ་སེལ་གྱི་ལས་གཞི་སྤེལ་བཞིན་པའི་འདྲ་པར་ཡིན། འདྲ་པར་དེ་དག་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་སྟོན་ཡོད་པར་བརྟེན། གོ་ལོག་ཐེབས་གཞི་དང་དངོས་ཡོད་མ་ཡིན་པའི་འདྲ་པར་དེ་དག་བེད་སྤྱོད་མ་བཏང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད། དེ་རྗེས་བཀའ་ཁྲི་མཆོག་གིས་གསར་འགོད་པའི་རང་ལུས་མེར་སྲེག་གི་དོན་རྐྱེན་དང་བོད་རྒྱ་ཞི་མོལ་སྐོར་གྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།།