༢༠༡༢ ཟླ་ ༨་ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་དུ་གསར་འགོད་པ་ཚོར་གསུང་བཤད་གནང་སྐབས། གསར་འགོད་པ་ཞིག་གིས་བོད་མིའི་རང་དབང་གི་འཐབ་རྩོད་ནང་གཞོན་སྐྱེས་ཚོས་འགན་ཇི་འདྲ་ཞིག་ཁྱེར་དགོས་སྐོར་གྱི་དྲི་བ་ཞུས་པར་བཀའ་ཁྲི་མཆོག་གིས། བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ནང་གཞོན་སྐྱེས་ཚོས་ཆིག་སྒྲིལ་ཐོག་ནས་ནུས་ཤུགས་སྤུང་རྒྱུ་དེ་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད། དེ་ལྟར་མ་ཐུབ་ཚེ་བོད་མིའི་ངོ་བོ་དེ་བཞིན་རྩ་མེད་འགྲོ་ཉེན་ཡོད། སྤྱིར་དེང་སྐབས་གཞོན་སྐྱེས་ཚོར་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་འདྲ་མིན་བརྒྱུད་བོད་དོན་གོ་རྟོགས་སྔར་བས་ཆེ་བ་དང་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་ཐུབ་བཞིན་ཡོད་སྐོར་གྱི་ལན་འདེབས་གནང་། ཕྱོགས་མཚུངས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མེ་སོར་རོ་ཊི་རི་ཚོགས་པ་ (Rotary Vijayanagara Mysore) གཉིས་ཀྱིས་གོ་སྒྲིག་འོག་མེ་སོར་གྲོང་ཁྱེར་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་གཞོན་སྐྱེས་རྣམས་དང་ལྷན་ཚོགས་སྐབས་བཀའ་ཁྲི་མཆོག་གིས་གསུང་དོན། བོད་ནང་གི་བོད་མི་ཚོ་ད་ལྟ་ཛ་དྲག་གི་གནས་སྟངས་འོག་གནས་ཡོད། ཁོང་ཚོར་སྨྲ་བརྗོད་དང་ཆོས་དད། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་རང་དབང་མེད་པར་བརྟེན་བོད་མི་ ༤༤ རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད། བོད་མི་ཚོར་འདམ་ཁ་གཞན་མེད་སྟབས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་ཐབས་མེད་ཆགས་ཡོད།
སྤྱིར་བོད་མི་ཚོར་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་གིས་ལམ་སྟོན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང། བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་དང་འབྲེལ་བ་ཆེན་པོ་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཚོར་་སྡིགས་ར་གཏོང་བཞིན་ཡོད། རྒྱ་ནག་གཞུང་གིས་འབྱུང་འགྱུར་གསེར་དཀར་པོའམ་ཆུའི་མཐུན་རྐྱེན་ཐོག་དམག་གཤོམ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་ཆེན་ཁག་ལ་ཆུ་མཛོད་ ༢༠ ལྷག་བརྒྱབ་སྟེ་རྒྱ་ནག་ནང་ཆུའི་མཐུན་རྐྱེན་བརྒྱ་ཆ་ ༤༠ མ་འདང་པ་རྣམས་བོད་ཀྱི་ཆུ་ཆེན་གྱིས་ཁ་གསབ་ཐབས་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།