༢༠༡༢ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༡ ཉིན་བཏང་གནས་ནང་འཁོད་དོན། ཉེ་ལམ་་ཀར་ན་ཊ་ཀའི་མངའ་སྡེའི་ནང་བྱུང་བའི་གནས་སྟངས་སྤྱི་དང༌། ལྷག་པར་ལྷོ་གཞིས་ཁག་དང་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་གི་བདེ་འཇགས་གནས་སྟངས། བོད་རིགས་ན་གཞོན་བསྟན་འཛིན་དར་རྒྱས་ཀྱི་སྨན་བཅོས་གནས་སྟངས་སོགས་ཀྱི་ཐད་གཟིགས་ཞིབ་སླད་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༨ ཉིན་སྦེང་ལོར་གནམ་ཐང་དུ་འབྱོར་སྐབས་སྦེང་ལོར་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་དང། ཕྱི་ཚེས་ ༡༩ ཉིན་ནང་སྲིད་བཀའ་བློན་མཆོག་གིས་མེ་སོར་ཀིར་ཤི་ན་ར་ཇེན་ཌར་(Krishna Rajendra) སྨན་ཁང་དུ་ན་གཞོན་བསྟན་འཛིན་དར་རྒྱས་ཀྱི་འཕྲོད་བསྟེན་གནས་སྟངས་གཟིགས་ཞིབ་སླད་ཕེབས་ཏེ་ཁོ་པའི་སྨན་བཅོས་ཐོག་རོགས་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང༌། སྐབས་དེར་འབྲེལ་ཡོད་སྨན་པ་དང་སྨན་ཁང་སྤྱི་ཁྱབ་འགན་འཛིན་ནས་ད་ལྟའི་ཆར་ཁོ་པའི་སྲོག་ལ་ཉེན་ཁ་མེད་པའི་སྐོར་སྙན་སེང་ཞུས།
ཕྱི་དྲོ་སྦེང་ལོར་དུ་ཕྱིར་ཕེབས་ཀྱིས་མངའ་སྡེ་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ [Karnataka State Minority Commission] ཚོགས་གཙོ་སྐུ་ཞབས་ཨན་ཝར་ (Shri. Anwar Manippady) མཆོག་དང་ལྷན་མཇལ་འཕྲད་གནང༌། དེ་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ནང་སྲིད་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ཨ་ཤོག་ (R.Ashok) མཆོག་དང་མངའ་སྡེ་སྤྱི་ཁྱབ་སྐུ་སྲུང་རྣམས་གཉིས་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་བོད་པའི་མཐོ་སློབ་ཀྱི་སློབ་མ་རྣམས་ཐུག་འཕྲད་ཆེད་ཕེབས་ཏེ་མངའ་སྡེ་གཞུང་ནས་རྒྱ་གར་བྱང་ཤར་མི་རིགས་དང་བོད་པ་བཅས་ཚང་མར་བདེ་འཇགས་སྲུང་སྐྱོབ་ཀྱི་གོ་སྒྲིག་འཐུས་ཚང་ཞུས་ཡོད་པས་སེམས་འཚབ་གནང་མི་དགོས་ཞུས་པར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མི་གནས་སྡོད་དང་བོད་ཁྱིམ་སྡོད་ཁང་དུ་ཆེད་མངགས་ཕེབས་པར་བསྔགས་བརྗོད་དང་སྦྲགས་བོད་པའི་སློབ་ཕྲུག་ཚོ་དང་ཐུག་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས། ཕྱི་ཚེས་ ༢༠ ཉིན་ནང་སྲིད་བཀའ་བློན་མཆོག་དབུ་བཞུགས་ཐོག་ལྷོ་ཕྱོགས་ཀྱི་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང། ས་གནས་འགོ་འཛིན་རྣམ་པ། སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན། ནི་ལ་མ་གྷ་ལམ་ལས་རིག་སྦྱོང་བརྡར་ཁང་གི་འགན་འཛིན། ལྷོ་སྤྱི་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ལྷན་འཛོམས་ཀྱིས་ད་བར་ས་གནས་སོ་སོའི་ནང་གོང་གསལ་གནད་དོན་དང་འབྲེལ་བའི་ལས་དོན་ཇི་བྱས་གསན་ཞིབ་དང་མ་འོངས་གནང་ཕྱོགས་ཇི་དགེ་གོ་བསྡུར་ལྷུག་པོ་གནང། ཕྱི་ཚེས་ ༢༡ ཉིན་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ནང་སྲིད་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ཨ་ཤོག་མཆོག་གི་ལས་ཁུངས་སུ་གཞུང་འབྲེལ་མཇལ་འཕྲད་གནང་སྟེ་བཀའ་བློན་མཆོག་གིས་མངའ་སྡེ་གཞུང་ནས་ད་ལྟའི་གནས་སྟངས་ཞི་འཇམ་ཡོང་ཐབས་སུ་དམིགས་བསལ་ཐུགས་ཁུར་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་ཕྱི་ཚེས་ ༢༢ ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་གཟིགས་སྐོར་གནང་འཆར་ཡོད་སྐོར་ཡང་ཞུས་ཡོད། ཕྱི་ཚེས་ ༢༢ ནས་ ༢༥ བར་ནང་སྲིད་བཀའ་བློན་མཆོག་ཀོ་ལི་གྷལ་དང༌། ཧུན་སུ། སྦེལ་ཀོབ། མོན་གྷོ་བཅས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་གཟིགས་སྐོར་གནང་སྟེ་སེར་སྐྱ་མི་མང་རྣམས་ཐུག་འཕྲད་ཀྱིས་ལམ་སྟོན་གསུང་བཤད་གནང་རྒྱུ་དང༌། ཕྱི་ཚེས་ ༢༧ ཉིན་སྦེང་ལོར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།