༢༠༡༢ ཟླ་ ༨ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་ (Mysore) ཀེ་ཨར་སྨན་ཁང་ (KR Hospital) དུ་ཕེབས་ཏེ་བོད་མི་བསྟན་འཛིན་དར་རྒྱས་ལགས་ཐུག་འཕྲད་གནང་རྗེས་སྨན་པ་ཚོར་ཐུགས་རྗེ་ཆེ་ཞུས་ཡོད། ཉེ་ལམ་ཨ་སམ་ཁུལ་དུ་བྷོ་ཌོའི་མི་རིགས་དང་ཁ་ཆེའི་དབར་འཁྲུག་རྩོད་ཤོར་བའི་དོན་རྐྱེན་འོག་དཀྲོག་གཏམ་ཤུགས་ཆེ་ཁྱབ་པར་བརྟེན། རྒྱ་གར་བྱང་ཤར་མི་རིགས་རྣམས་ལ་དཀའ་ངལ་ཤུགས་ཆེ་འཕྲད་ཡོད་པ་མ་ཟད། རྒྱ་གར་བྱང་ཤར་གྱི་མི་རིགས་དང་ནོར་ཏེ་རྒྱ་གར་བ་གཉིས་ཀྱིས་བོད་མི་བསྟན་འཛིན་དར་རྒྱས་ལགས་ཀྱི་རྒྱབ་ཏུ་གྲིས་བསྣུན་ནས་རྨས་སྐྱོན་ཚབས་ཆེ་བཟོས་ཡོད། དོན་རྐྱེན་དེ་བྱུང་མ་ཐག་ཁོང་མེ་སོར་སྨན་ཁང་དུ་གཤག་གཅོད་བཏང་རྗེས་དེང་སྐབས་སྲོག་ཉེན་ལས་ཐར་ཡོད། དེ་ཡང་སྨན་ཁང་དུ་གསར་འགོད་པ་རྣམས་ཀྱིས་དྲི་བར་ལན་འདེབས་གནང་སྐབས་བཀའ་བློན་མཆོག་གིས་ཀར་ན་ཊ་ཀ་མངའ་གཞུང་དང་ས་གནས་རྫོང་ཁག་སོ་སོས་སྤྱི་ཚོགས་བརྟན་ལྷིང་ཡོང་ཆེད་འགན་ཁུར་ཧ་ཅང་ཆེན་པོ་འཁྱེར་བཞིན་ཡོད་སྐོར་འབྲེལ་ཡོད་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་བརྒྱུད་གསལ་བཤད་བྱུང་བར་བརྟེན། ཡི་རང་བསྔགས་བརྗོད་ཡོད་སྐོར་སོགས་ཀྱི་ལན་འདེབས་གནང་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་བོད་མི་རྣམས་འདས་པའི་མི་ལོ་ ༥༠ ལྷག་རིང་རྒྱ་གར་ནང་སྐྱབས་བཅོལ་དུ་གནས་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་རྒྱ་གར་ནང་སྐྱེས་འཚར་བྱུང་བ་དང་། བོད་མི་དེ་དག་རྒྱ་གར་ཡུལ་མི་ཚོ་དང་ལྷན་འཆམ་མཐུན་ངང་གནས་ཡོད་པར་བརྟེན། ང་ཚོ་རྒྱ་གར་ནང་ཉེན་ཁ་དང་འཇིགས་སྣང་གང་ཡང་མེད་པར་ཡིད་ཆེས་ཆེན་པོའི་ཐོག་ནས་གནས་ཡོད། དེ་འདྲ་ཞིག་ཡོང་བའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གར་རིག་གཞུང་ནང་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བ། མི་རིགས་འདྲ་མིན་ལ་བརྩི་བཀུར་བྱ་རྒྱུའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པ་དེ་ལས་བྱུང་བ་ཞིག་ཡིན། དེར་བརྟེན་རྒྱ་གར་གྱིས་རང་ཉིད་ལ་ཡོད་པའི་རིག་གཞུང་བཟང་པོ་དེ་གཅེས་ཉར་བྱེད་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་ལན་འདེབས་གནང་ཡོད་པ་བཅས།།