༢༠༡༢ ཟླ་ ༨ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་མཆོད་ཁང་དུ་ཐེ་ཝན་དུ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཁག་གཅིག་མཉམ་འཛོམས་ཀྱིས་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་བདུན་ཚིགས་སྲུང་བརྩི་ཞུ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད། སྨོན་ལམ་གསུང་འདོན་གྲུབ་རྗེས་བཞུགས་མོལ་ཚོགས་འདུ་ཞིག་སྐོང་ཚོགས་གནང་བའི་ནང་། ཕྱི་ཟླ་ ༩ ནང་བཞུགས་སྒར་རྡ་རམ་ས་ལར་ཐེངས་བདུན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ནང་ཚོགས་ཞུགས་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་བཅས་ལ་གྲོས་བསྡུར་ལྷུག་པོ་གནང་བ་བརྒྱུད། ཐེ་ཝན་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་གཉིས་ནས་གཙོ་འགན་གྱིས་ཕྱི་ཟླ་ ༩ ཚེས་ ༢ ནས་ཚེས་ ༥ བར་སྦག་སྦག་བཞོན་ཏེ་ཐེ་ཝན་རྒྱལ་ཡོངས་སུ་སྐོར་བསྐྱོད་བྱ་རྒྱུ་དང་། ཕྱི་ཟླ་ ༡༠ ཉིན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་རྒྱུགས་ཤར་གློད་དེ་མི་ཚོགས་མང་བའི་གཞུང་ལམ་ཐོག་སྐོར་བསྐྱོད་བྱ་རྒྱུ། བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་བོད་དོན་བགྲོ་གླེང་བཞུགས་མོལ་ཚོགས་འདུ་དང་ཐེ་ཝན་མི་མང་གི་ས་ཡིག་བསྡུ་རུབ་སོགས་ཀྱི་ལས་འགུལ་དེ་བོད་རིགས་ཚོགས་པ་དང་། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་ཝན་བོད་ཀྱི་གྲོགས་པོའི་མཐུན་ཚོགས། ཐེ་ཝན་བོད་རྒྱ་མཐུན་ཚོགས་བཅས་ཐུན་མོང་ནས་སྤེལ་གཏན་འཁེལ་བ་ཡོད་པ་བཅས།།