༢༠༡༢ ཟླ་ ༨ ཚེས་ ༧ རེས་གཟའ་མིག་དམར།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༦ ཉིན་ས་རཱ་བོད་ཀྱི་མཐོ་སློབ་ཚོགས་ཁང་དུ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་ཀྱི་ཆོས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཆོད་དགོངས་དོན་ལྟར་ཆོས་བརྒྱུད་ཁག་གི་འདུལ་བ་འཛིན་པ་མཁས་པའི་ཚོགས་ཆུང་ཟུར་བཙུགས་ཀྱིས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་གནང་ཐབས་ཡོད་མེད་ཀྱི་ཞིབ་འཇུག་ལས་རིམ་དབུ་འབྱེད་གནང་བ། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་བཅས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། ཆོས་བརྒྱུད་ཁག་གི་མཁས་པའི་ཚོགས་ཆུང་གི་ཚོགས་མི་རྣམ་པ། ས་རཱ་མཐོ་སློབ་ཏུ་རིགས་ལམ་སློབ་གཉེར་ཁང་ནང་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་རྣམ་པ་བཅས་ཁྱོན་མི་གྲངས་ ༡༠༠ བརྒལ་བ་ལྷན་འཛོམས་ཐོག་དམིགས་བསལ་སྐུ་མགྲོན་མཆོག་གིས་མར་མེ་དབུ་འབྱེད་གནང་རྗེས་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་པ་འདས་གསོན་ཡོངས་ཀྱི་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་གནང་གྲུབ་མཚམས་བདེན་ཚིག་སྨོན་ལམ་གསུང་འདོན་དང་སྦྲགས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན།
དགེ་སློང་མའི་སྡོམ་རྒྱུན་མུ་མཐུད་རྒྱུར་རྩ་བའི་གཞི་བཅོལ་ས་གང་འདྲ་ཞིག་འདུག ལྷག་པར་དགོངས་པའི་དཔྱད་གཞིའི་ཚུལ་དུ་ང་རང་མི་དཀྱུས་མ་ཞིག་གིས་ཞུས་ན། ང་ཚོས་དུས་རབས་ཉེར་གཅིག་པར་གོམ་པ་བརྒྱབ་སྟེ་འགྲོ་གི་ཡོད། སྤྱིར་བཏང་སྐྱེས་པ་ཕོས་བྱེད་ཐུབ་སར་བུད་མེད་ཀྱིས་བྱེད་མ་ཐུབ་པ་མེད་པའི་མཐོང་ཚུལ་དང་བསམ་ཚུལ་ཆགས་ཡོད། དེར་བརྟེན་དགེ་སློང་མའི་སྡོམ་རྒྱུན་ཐོག་མར་འབྱུང་ས་དེ་སངས་རྒྱས་མིའི་ལུས་སུ་བྱོན་དུས་སྐྱེས་པ་ཕོ་ཞིག་ནས་མར་སྡོམ་པ་དེ་གནང་ཡོད། རྒྱ་ནག་དང་ཤི་རི་ལང་ཀའི་ནང་དགེ་སློང་མ་བྱུང་བའི་ལོ་རྒྱུས་མང་པོ་འདུག དེར་བརྟེན་ང་ཚོར་སྡོམ་རྒྱུན་དེ་གནང་རྒྱུ་ཡོད་པ་ཞིག་དང་རྒྱུན་སྐྱོང་རྒྱུ་ཡོད་པ་ཞིག་བྱུང་བ་ཡིན་ན་རེ་བ་རྒྱབ་པ་བཞིན་སྒྲུབ་ཀྱི་ཡོད། འདུལ་བ་འཛིན་པ་རྣམས་འདིར་ཕེབས་ཏེ་གོ་བསྡུར་ཉམས་ཞིབ་གནང་རྒྱུ་དེར་ང་ཚོའི་ཕྱོགས་ནས་རེ་བ་ཆེན་པོ་ཞིག་རྒྱག་གི་ཡོད། དུས་ཡུན་དེའི་རིང་ཐུགས་སྣང་ཆེན་པོས་ཞིབ་ཚགས་ཐོག་ནས་གནང་རྒྱུའི་འབོད་སྐུལ་ཞུ་གི་ཡིན། ཅེས་གསུངས་རྗེས་དམིགས་བསལ་སྐུ་མགྲོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན།
དེ་རིང་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་བསྐྱར་ཞིབ་གནང་རྒྱུའི་མཁས་པའི་ཚོགས་ཆུང་གསར་འཛུགས་གནང་ཐུབ་པ་དང་ཚོགས་ཆུང་འདིའི་ནང་རིས་སུ་མ་ཕྱེ་བའི་ཆོས་བརྒྱུད་སོ་སོའི་དྲང་བདེན་གྱི་རྣམ་དཔྱོད་ཅན་གྱི་མཁས་པ་མང་པོ་ཕེབས་ཐུབ་པ་ཞེ་དྲག་ཡག་པོ་བྱུང་འདུག དགའ་བསུ་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ད་རེས་ཉམས་ཞིབ་འདིའི་ཐོག་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཞིར་བཟུང་གི་ཐོག་ནས་དགེ་སློང་མའི་སྡོམ་པ་བསྐྱར་གསོ་གནང་རྒྱུར་ཐབས་ཤེས་ཡོད་མེད་དང། ཡོད་ན་ཇི་ལྟར་ཡོད་པ་དང་། མེད་ན་མེད་པའི་རྒྱུ་མཚན་སོགས་ཀྱི་ཐོག་ལ་འཁྲུན་ཐག་ཆོད་ཐུབ་པའི་ཉམས་ཞིབ་ཀྱི་གྲུབ་དོན་གཅིག་འདོན་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ལས་དོན་འདི་ད་ལྟ་ཆོས་རིག་བཀའ་བློན་ནས་གསུངས་པ་ལྟར་ཡུན་རིང་ནས་ཉམས་ཞིབ་གནང་སྟེ་འཁྲུན་ཐག་མ་ཆོད་པར་ལྷག་པ་ཞིག་རེད། ང་ཚོ་བཀའ་ཤག་ནང་ཡོད་དུས་ནས་ལས་དོན་དེ་མུ་མཐུད་ནས་གནང་བཞུགས་པ་རེད། དེའི་རིང་ལ་རྒྱལ་སྤྱིའི་ཚོགས་འདུ་ཆེན་པོ་ཞིག་ཀྱང་ཇར་མན་ལ་ཚོགས་ཡོད།
སྐབས་དེར་རྒྱལ་ཁབ་འདྲ་མིན་ནས་གནད་དོན་དེའི་ཐོག་ལ་ཉམས་ཞིབ་གནང་མཁན་དེ་ཚོའི་གྲུབ་དོན་གྱི་རྩོམ་ཡིག་དེ་འདྲ་མང་པོ་བཀླགས་ཡོད། སྐབས་དེར་༸གོང་ས་མཆོག་ཀྱང་ཆིབས་སྒྱུར་བསྐྱངས་ཡོད། འདུལ་བ་འཛིན་པ་མང་པོ་ཞིག་ཀྱང་ཕེབས་ཡོད། དེ་སྔོན་དང་རྗེས་སུའང་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོད་པའི་མཁས་དབང་གི་བགྲོ་གླེང་ཙམ་མ་ཟད། རྩོམ་ཡིག་དང་ཡིག་ཆ་མང་པོ་སྐད་ཡིག་གཞན་ནས་ཕབ་བསྒྱུར་དང་གསར་རྩོམ་ལྟ་བུ་བྱས་ནས་པར་སྐྲུན་གནང་ཡོད། འོན་ཀྱང་དེ་ཚོ་ཚང་མའི་ནང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལས་ཀྱི་ཆོ་གའི་ཚིག་རང་གི་ཐོག་ནས་དགེ་སློང་མའི་སྡོམ་པ་བསྐྱར་དུ་བསྒྲུབ་ཐུབ་རྒྱུ་ཡོད་མེད་ཀྱི་ཐག་གཅོད་གནང་ཐུབ་རྒྱུའི་མཚམས་ལ་སླེབ་མེད། དེར་བརྟེན་ང་ཚོའི་སྐབས་ཐག་མ་ཆོད་པའི་ལས་དོན་ལྷག་འཕྲོ་གཅིག་སྐབས་བཅུ་བཞི་པའི་བཀའ་ཤག་དང་ད་ལྟའི་ཆོས་རིག་ལས་ཁུངས་ཀྱིས་མུ་མཐུད་ནས་འཇུག་སྐྱོང་ཐག་གཅོད་གནང་རྒྱུའི་འབད་བརྩོན་གནང་བ་དེར་ང་ཚོ་བཀའ་བློན་རྙིང་པ་ཚོས་ངོས་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་དགོས་པའི་གནད་དོན་ཞིག་ཆགས་ཡོད། ཐག་གཅོད་བྱེད་མ་ཐུབ་པའི་རྒྱུ་མཚན་གཅིག་ག་པར་ཐུག་ཡོད་བརྗོད་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ཕྲ་ཞིང་ཕྲ་བ་ཇི་ལྟ་བ་བཞིན་གཟིགས་མཁན་དེ་ཐམས་ཅད་མཁྱེན་པ་སངས་རྒྱས་ཉག་གཅིག་ལས་མེད། ས་ལ་གནས་པའི་བྱང་སེམས་དང་ཉན་རང་དགྲ་བཅོམ་པ་དེ་ཚོས་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ཕྲ་ཞིང་ཕྲ་བ་དེ་དག་ངོ་བོའི་ཆ་ནས་བསྐལ་པའི་བསྐལ་དོན་ཞིག་ཡིན་པར་བརྟེན་ཇི་ལྟ་བ་བཞིན་རྟོགས་ཀྱི་མེད་པའི་གནས་སྟངས་ཤིག་རེད། རྒྱུ་མཚན་དེར་བརྟེན་འདུལ་བའི་རྣམ་གཞག་འདི་སྟོན་པས་བཅས་པ་དང་། སྣང་བ། བསྒྲུབ་པ། རྗེས་སུ་བཅས་པ་དེ་འདྲ་གང་ཡང་རུང་བ་ཞིག་གསལ་ཁ་ཡོད་པ་ཞིག་གི་ཐོག་ནས་ཐག་གཅོད་བྱས་པ་མ་གཏོགས་ང་ཚོ་གྲྭ་ས་ལ་ངག་རྒྱུན་ཞིག་ཡོད།
ཆོས་འདུལ་བ་འདི་ལ་རིག་པ་ཡོད་ཀྱང་ལུང་གཙོ། སྟོན་པའི་སྔོན་བྱས་རྗེས་བྱས་གང་ཡང་རུང་བ་ཞིག་གསལ་ཁ་མེད་པ་དང་གལ་སྲིད་གསལ་མེད་ཀྱང་རུང་མཐུན་འབྱར་ནས་ཐག་གཅོད་ཐུབ་རྒྱུའི་རིགས་དེ་ཚོ་མ་གཏོགས་ང་ཚོས་རིག་པ་བཏང་ནས་ཐག་གཅོད་བྱེད་རྒྱུ་མེད་པའི་གནས་སྟངས་ཤིག་ཆགས་ཡོད། དེ་འདྲའི་དབང་གི་ལུང་སྡེ་བཞི་འདིི་ཧ་ཅང་གི་གཞུང་རྒྱ་ཆེན་པོ་ཡོད་པ་དང། དེའི་རྒྱ་འགྲེལ་བོད་འགྲེལ་དེ་དག་ཧ་ཅང་རྒྱ་ཆེན་པོ་ཡིན་པར་བརྟེན་གོ་ཁག་པོ་ཡིན་སྟབས། ང་ཚོས་ཞིབ་ཚགས་པོའི་ཐོག་ནས་ལུང་གཞི་ལ་བཞག་ནས་འདི་ཐུབ་ཀྱི་འདུག་མི་འདུག་ཅེས་བརྗོད་ཐུག་རྒྱུ་ད་བར་མ་བྱུང་བ་རེད། དེར་བརྟེན་ད་ལྟ་མུ་མཐུད་ནས་གནང་དགོས་རྒྱུ་དེ་ཧ་ཅང་ཐུགས་འགན་ཆེན་པོ་ཆགས་ཡོད་པ་ལྟར་གནང་བཞིན་ཡོད། དེར་བྱ་བ་ལམ་ལྷོང་ཡོང་རྒྱུ་དང་ཐག་ཆོད་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་གི་ཡོད།
དངོས་གཞི་ཉམས་ཞིབ་གནང་ཕྱོགས་སྐོར་ལ་བཀའ་མོལ་མ་གནང་གོང་དུ་ད་ལྟའི་འཇིག་རྟེན་འདིའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་ཚུལ་དང་སྐད་ཆ་ཤོད་སྟངས་དེ་ཚོར་གཞིགས་ནས་ང་ཚོའི་ཕྱག་ལས་དེ་ཆོས་དང་མཐུན་པ་ཡང་དག་པ་ཞིག་ཡོང་རྒྱུའི་ཐབས་ཤེས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་བཞིན་ཡོད། དེའི་སྐོར་ལ་ཚིག་འགའ་ཤས་མ་ཞུས་ན་མ་འགྲིག་པ་ལྟ་བུ་ཚོར་བྱུང། ༸སྐྱབས་མགོན་རིན་པོ་ཆེས་དགག་དགོས་དུ་མར་གཟིགས་ཏེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་ཐུབ་ན་དགོངས་པ་དེ་འདས་པའི་ལོ་བཅུ་ཕྲག་སུམ་ཅུ་བཞི་བཅུ་རིང་ལ་ཡོད་པ་རེད། འོན་ཀྱང་ང་ཚོས་ངེས་པར་དུ་གསལ་པོ་བྱས་ནས་མཁྱེན་དགོས་པ་ཞིག་ལ་༸སྐྱབས་མགོན་རིན་པོ་ཆེས་ཐུགས་བརྩོན་མཛད་རྒྱུ་འདི་ཆབ་སྲི༝ད་ཀྱི་གཟིགས་ཕྱོགས་ཤིག་གི་ཐོག་ནས་དེང་དུས་ཀྱི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཞེས་ཐོབ་ཐང་རྩོད་རྒྱུའི་སྐད་ཆ་ཞིག་ཡོད། དེའི་མདུན་ལ་ཕོ་མོ་འདྲ་མཉམ་རེད།
དགེ་སློང་མའི་སྡོམ་པ་ཡང་ཕོ་མོ་འདྲ་མཉམ་ཐོག་ནས་བསྒྲུབ་རྒྱུ་ཡོད་པ་དགོངས་པ་བཞེས་ནས་བཀའ་སྩལ་བ་ཞིག་རྩ་བ་ནས་མིན། སངས་རྒྱས་བསྟན་པ་དེ་ནི་དགེ་འདུན་གྱི་སྡེ་ལ་རག་ལུས་ཡོད། དགེ་འདུན་སྡེ་ལ་རྣམ་པ་བཞི་ཡོད། འཁོར་རྣམ་བཞི་བརྗོད་བཞིན་ཡོད། དགེ་སློང་གི་དགེ་འདུན། དགེ་སློང་མའི་དགེ་འདུན། དགེ་ཚུལ་གྱི་དགེ་འདུན། དགེ་ཚུལ་མའི་དགེ་འདུན། དེ་བཞི་ཀ་ཚང་སྐབས་འཁོར་རྣམ་པ་བཞི་ཚང་བ་ཞེས་བརྗོད་ཀྱི་ཡོད། འཁོར་རྣམ་པ་བཞི་ཚང་བ་ཡིན་ན་དུས་ཀྱི་མཐའ་མ་ལའང་སངས་རྒྱས་ཀྱི་བསྟན་པ་དགེ་འདུན་གྱི་སྡེ་ལ་རགས་ལུས་པ། སངས་རྒྱས་ཀྱི་བསྟན་པ་གནས་མིན་དེ་ཡང་། གང་ན་ལས་ཀྱང་ཡོད་ལ་བྱ་བ་བྱས་པའང་ཡོད་ན་སངས་རྒྱས་ཀྱི་བསྟན་པ་གནས་པ་ཞེས་བྱའོ། གང་ན་ལས་ཀྱང་མེད་ལ། བྱ་བ་བྱས་པ་དང་བྲལ་བ་དེར་སངས་རྒྱས་ཀྱི་བསྟན་པ་ཞི་བ་ཞེས་བྱའོ། སྤྱིར་བཏང་སངས་རྒྱས་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པའི་རྗེས་ལ་ཆོས་ཀྱི་འཁོར་ལོ་སྐོར་ནས་སངས་རྒྱས་དེའི་བསྟན་པའི་ངོ་བོར་འགྱུར་བའི་ལུང་དང་རྟོགས་པ་གཉིས་ཀ་མེད་པ་འགྱུར་རྒྱུ་གང་ཡང་མེད། ཤཀྱཱ་ཐུབ་པའི་བསྟན་པ་ཉམས་པ་རེད་ཅེས་བརྗོད་སྐབས། ཤཀྱཱ་ཐུབ་པས་གསུངས་པའི་ལུང་གྱི་ཆོས་མེད་པ་ཆགས་འགྲོ་བ་གཅིག་དང་ཤཀྱཱ་ཐུབ་པས་གསུངས་པའི་ལུང་གི་ཆོས་ལ་བརྟེན་ནས་དངོས་རྟོགས་སུ་སྐྱེས་པའི་རྟོགས་པའི་བསྟན་པ་མེད་པ་ཆགས་འགྲོ་བ་དེ་འདྲ་ཞིག་ལ་བརྗོད་ཀྱི་མེད། ཡིན་ནའང་ཤཀྱཱ་ཐུབ་པའི་ལུང་གི་ཆོས་ལ་ཉམས་ལེན་བྱས་ནས་རྟོགས་པའི་བསྟན་པ་གང་ཟག་ཐ་མལ་པའི་རྒྱུད་ལ་གསར་དུ་མི་སྐྱེ་བའི་གོ་སྐབས་ཤིག་བསླེབས་སྐབས། བསྟན་པ་ཉམས་པ་རྩི་བཞིན་ཡོད།
དེ་ཡང་གཙོ་ཆེ་བ་དགེ་འདུན་གྱི་སྡེས་དགེ་འདུན་གྱི་ལས་དང་དགེ་འདུན་གྱི་བྱ་བ་ཉམས་འགྲོ་བའི་སྐབས་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་འགྲོ་བར་རྩི་བཞིན་ཡོད། བསྟན་པ་ཡུན་རིང་གནས་རྒྱུ་དང་འཁོར་རྣམ་པ་བཞི་པོ་ཆ་ཚང་བ་ཡོང་རྒྱུ་དང་བུད་མེད་ཀྱི་ནང་དུའང་ཐར་པ་དོན་དུ་གཉེར་ནས་ངེས་འབྱུང་གི་བསམ་པའི་ཀུན་ནས་བླངས་ཏེ་སྒྲུབ་པ་ཉམས་ལེན་བྱེད་མཁན་མང་པོ་ཡོད་མཁན་དེ་དག་ལ་ཡོངས་སུ་རྫོགས་པའི་དགེ་སློང་མའི་དངོས་པོ་ཞིག་ཐོབ་པ་ཡིན་ན་ས་ལམ་གྱི་ས་ཆོད་ཆེ་བ་དེ་འདྲའི་ཆོས་ཕྱོགས་རྐྱང་པར་དགོངས་པ་བཞེས་ཏེ་ཐབས་ཤེས་མཛད་པ་ཞིག་ཡིན་པ་ལས་ཕོ་མོའི་ཐོབ་ཐང་རྩོད་རྒྱུའི་སྐད་ཆ་ཞིག་མིན་པ་ནི་ང་ཚོ་ཉམས་ཞིབ་བྱེད་མཁན་ཚོའི་དགོངས་པར་གསལ་པོ་ཞིག་མེད་པ་ཡིན་ན་མཚམས་རེ་ང་ཚོས་ཞར་དང་ཞོར་ལ་བཀའ་མོལ་གནང་སྐབས་དང་ལྷག་པར་ནུབ་ཕྱོགས་པའི་ཉམས་ཞིབ་པ་ཚོ་དང་བཀའ་མོལ་གནང་སྐབས་འདི་ཞར་དང་ཞོར་ལ་ཐོན་བཞིན་ཡོད། ཐོབ་ཐང་རྩོད་རྒྱུ་སྐད་ཆ་ཡིན་ན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཆགས་ཀྱི་མེད། ཐོབ་ཐང་རྩོད་ནས་དགེ་སློང་མ་ཞིག་བསྒྲུབ་པ་ཡིན་ནའང་དེ་ལ་དགེ་སྐྱོབ་ཀྱི་སྡོམ་པ་ཞིག་དང་ལས་སྨོན་གྱི་སྡོམ་པ་ཞིག་ཀྱང་སྐྱེ་རྒྱུ་མ་རེད་བསམ་བཞིན་འདུག དགེ་སྐྱོབ་དང་ལས་སྨོན་བརྗོད་རྒྱུ་དེའང་ཕལ་ཆེར་སྐྱེ་བ་ཕྱི་མའི་མངོན་མཐོ་དོན་གཉེར་དང་ཡང་ན་སྐྱེ་བ་ཕྱི་མའི་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་དེ་འདྲ་ཞིག་ཐོག་ནས་དགེ་སྐྱོབ་དང་ལས་སྨོན་གྱི་སྡོམ་པ་སྐྱེ་རྒྱུ་ཞིག་ཡོད་པ་མ་གཏོགས་ཚེ་འདིའི་ཐོབ་ཐང་གི་དོན་དུ་སྡོམ་པ་ཞུས་པ་ཡིན་ན་ངེས་འབྱུང་གི་བསམ་པ་ཕར་བཞག་ནས་ཕྱི་མ་དོན་གཉེར་ཙམ་ཡང་མེད་པ་རེད། དེ་འདྲ་ཞིག་ལ་སྡོམ་པ་ཞིག་བསྐྱེད་པ་ཡིན་ནའང་རྟག་པ་མཐའ་བཟུང་གི་དབང་གིས་སྡོམ་པ་ཞིག་སྐྱེས་པ་ཡིན་ནའང་སོ་སོ་ཐར་པའི་སྡོམ་པ་ཆགས་རྒྱུ་གང་ཡང་མེད། སོ་སོ་འཆིང་བའི་སྡོམ་པ་ཞིག་ཆགས་རྒྱུ་རེད། སོ་སོ་ཐར་པ་ཞེས་པ་དེ་ཚིགས་ཁོ་རང་གི་ནུས་པའི་ཐོག་ནས་ཐར་པ་དོན་གཉེར་གྱི་བློ་ཞིག་མེད་པ་ཡིན་ན། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་གིས་མ་བྱས་པ་ཡིན་ན། ཡོང་རྒྱུ་མེད་པ་ཞིག་ཆགས་ཡོད།
དེར་བརྟེན་ང་ཚོས་འབད་བརྩོན་བྱེད་རྒྱུ་འདི་ཕོ་མོ་འདྲ་མཉམ་བཟོ་རྒྱུ་དང་ཐོབ་ཐང་རྩོད་རྒྱུའི་དོན་དག་མིན་པར། ཐར་པ་དོན་གཉེར་ཉག་གཅིག ཚེ་འདི་ནང་གི་དམིགས་ཡུལ་གང་ཡང་མེད་པ་བྱས་ནས། ཐར་པ་དོན་གཉེར་ཉག་གཅིག་གི་ཆེད་དུ་ཐབས་ཤེས་མཛད་བཞིན་ཡོད་པ་འདི་ང་ཚོས་གསལ་པོ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་དང་ཆབས་ཅིག་དེང་སང་སྤྱི་ཚོགས་ནང་དང་ལྷག་པར་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་དུ་སངས་རྒྱས་ཤཀྱཱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་སྐབས་ལ་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ལ་བསྟུན་ནས་སངས་རྒྱས་རང་གིས་ཀྱང་ཕོ་མོ་འདྲ་མཉམ་གྱི་གཟིགས་ཚུལ་མེད་པ་འདྲ་པོ་དེ་འདྲ་ཤོད་མཁན་མང་པོ་ཡོད། དེ་ཚོ་ལའང་ང་ཚོས་ཡང་དག་པའི་རིག་པའི་ལམ་ནས་ལན་དང་གསལ་བཤད་གནང་རྒྱུའི་སྤོབས་པ་ཞིག་ཡོད་དགོས་པ་བསམ་བཞིན་ཡོད། ཁོང་ཚོས་དེ་འདྲ་ཤོད་སྐབས་ང་ཚོས་ཀྱང་ཁ་འཚེར་འཚེར་བྱས་ཏེ་ཧ་ལམ་དེ་འདྲ་མིན་ནམ་མདོག་མདོག་བྱས་ནས་བསྡད་ན། དེས་གཞུང་ཆེན་མོ་ལ་སློབ་གཉེར་བྱས་པའི་འབྲས་རྟགས་འདྲ་པོ་ཆགས་རྒྱུ་མིན། སངས་རྒྱས་ལས་ལྷག་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དང་། བརྩེ་བ་རྙིང་རྗེ་ཆེན་པོ་ཡོད་མཁན་སུ་གང་མེད་པ་འདི་དངོས་མཐོང་གཟུགས་གྲུབ་ལྟ་བུ་ཆགས་ཡོད། ཐེག་པ་དམན་པའི་ཉན་ཐོས་སྡེ་གཉིས་ཀྱི་ཤོད་སྟངས་ལྟ་བུར་བྱས་པ་ཡིན་ནའང་། དེ་བཞིན་གཤེགས་པའི་ཉིན་ལན་གསུམ་མཚན་ལན་གསུམ་བཅས་དུས་དྲུག་ལ་སུ་ནི་དར་སུ་ནི་རྒུད། སུ་ཞིག་ཐར་པ་ལ་འཇུག་པའི་ཁམས་དང་དབང་པོ་མིག་སུ་ཞིག་དུས་ཇི་ཙམ་ན། ཐབས་འདི་འདྲ་ཞིག་གིས་འདུལ། དེའི་སྐོར་ལ་དུས་རྟག་ཏུ་གཟིགས་པ་འཇུག་ནས་རྒྱ་མཚོའི་རླབས་བཞིན་དུས་ལས་མི་གཡོལ་བ་བྱས་ནས་སྲོག་ཆགས་གྲོག་འབུར་ཚུན་ཆད་འདུལ་བའི་དུས་ལ་བབ་ན་སངས་རྒྱས་ཀྱི་འདུལ་བའི་འཕྲིན་ལས་མ་མཛད་པ་དུས་ལས་ཡོལ་བ་ཞིག་མེད་ཅེས་ཞེ་དྲག་ཤུགས་ཆེན་པོའི་ཐོག་ནས་ལུང་རིག་གཉིས་ཀྱིས་སྒྲུབ་བཞིན་ཡོད།
ཐེག་པ་ཆེན་པོའི་ཤོད་སྟངས་བྱས་ན་འབད་མེད་ལྷུན་འགྲུབ་ཏུ་ཡོད་པའི་སངས་རྒྱས་ཀྱི་འཕྲིན་ལས་དེ་གདུལ་བྱའི་རྒྱུད་ག་དུས་སྨིན་པ་ཡིན་ནའང་སྐབས་དེར་ལམ་སེང་འཕྲིན་ལས་འཇུག་པ་མ་གཏོགས་སངས་རྒྱས་ཀྱིས་ཐུགས་བརྗེས་ཤོར་བ་དང་སངས་རྒྱས་ཀྱིས་དེར་བརྩེ་བ་ཐུགས་རྗེ་ཆེན་པོས་མ་གཟིགས་པ་དེ་འདྲའི་གོ་སྐབས་མེད་པ་འདི་ང་ཚོ་ནང་པ་སངས་རྒྱས་པ་སྤྱི་ཡོངས་ཀྱི་གཅིག་གྱུར་གྱི་ཁས་ལེན་ཆགས་ཡོད། སྐྱེ་རྒུ་བདག་མོས་བསྙེན་པར་རྫོགས་ནས་དེ་བཞིན་གཤེགས་པའི་མདུན་ལ་ཚངས་པར་སྤྱད་པ་སྤྱོད་ཆོག་པ་ཞུ་སྐབས། དང་པོ་སེར་སྐྱེའི་གནས་ལ་ཕུལ་བ་རེད། སེར་སྐྱའི་གནས་ནས་གྲོང་ཁྱེར་གཞན་ཞིག་ལ་ཕེབས་སྐབས་སུའང་ཕུལ་བའི་སྐབས་གཉིས་ཀར་སྐྱེ་རྒུ་བདག་མོས་གཙོས་པའི་གདུལ་བྱ་དེ་ཚོའི་རྒྱུད་མ་སྨིན་པར་གཟིགས་ནས་ཁྱིམ་པ་གོས་དཀར་པོ་རང་བྱས་ནས་བསྡད་པ་ཡིན་ནའང་དེས་བྱང་ཆུབ་བསྒྲུབ་པར་ཁྱད་མེད་ཅེས་བཀའ་གནང་ཡོད། རབ་ཏུ་བྱུང་མ་གནང་བ་ཡིན་གཙང་སྐྱེ་རྒུ་བདག་མོ་ཁོང་ཚོས་རང་ཐག་རང་གཅོད་ཀྱི་ཐོག་ནས་དབུ་སྐྲ་ཞར་ཏེ་གོས་ངུར་སྨྲིག་གྱོན་ནས་ཡང་བསྐྱར་ཞུས་པའི་སྐབས་སུའང་ད་འགྲིག་བཞག་ཁྱེད་ཚོས་སྐྲ་ཞར་གོས་ངུར་སྨྲིག་གྱོན་པ་དེ་འགྲིག་བཞག དེ་ལྟར་བྱས་ནས་བསྡད་ན་འགྲིག་འདུག དེས་གནས་སྐབས་དང་མཐར་ཐུག་གི་དོན་བསྒྲུབ་ཐུབ་ཅེས་བཀའ་གནང་ཡོད། དེའི་རྗེས་ལ་ཀུན་དགའ་བོས་ཞུ་བརྒྱུད་བྱས་ནས་ཞུ་སྐབས་ལྕི་བའི་ཆོས་བརྒྱད་བཅད་ནས་དགེ་སློང་མའི་དངོས་པར་བསྙེན་པར་རྫོགས་པ་མཛད་ཡོད། ལྕི་བའི་ཆོས་བརྒྱད་གཅོད་དགོས་རྒྱུ་དེ་སྐབས་དེའི་གདུལ་བྱ་དེ་ཚོས་རྒྱུད་སྨིན་ལོས་དང་སྐབས་དེའི་སྤྱི་ཚོགས་དང་དགེ་འདུན་གྱི་གནས་སྟངས།
དེ་ལ་བརྟེན་ནས་གང་ཟག་རང་མཚན་པ་དང་བསྟན་པ་སྤྱི་ཚན་པ་གཉིས་ཀར་ཕན་ཐོགས་ཆེ་ཤོས་ག་རེ་ཡོད་པ་དེ་གཟིགས་ནས་བཅད་པ་རེད་མ་གཏོགས། བུད་མེད་ལ་དམིགས་བསལ་ཐོང་ཆུང་གནང་བ་དང་དགོས་པ་མེད་པར་བཅད་གནང་བ་ཞིག་མིན་པ་ནི་ཆོས་ཀྱི་གོ་རྟོགས་ཕྲན་བུ་ཡོད་མཁན་ཞིག་ཡིན་ན་ཧ་གོ་ཐུབ་རྒྱུ་རེད་བསམ་བཞིན་ཡོད། སངས་རྒྱས་ཀྱི་འཕྲིན་ལས་དང་སངས་རྒྱས་ཀྱི་ཐུགས་བརྩེ་ཀུན་ལ་ཉེ་རིང་མེད་པ་དུས་རྒྱུན་དུ་འཇུག་པ་དེ་དགེ་སློང་མའི་བྱུང་རབས་གཅིག་པུར་ལ་གཟིགས་པ་ཡིན་ནའང་མཁྱེན་ཐུབ་ཡག་གཅིག་རེད། བུད་མེད་ཆོས་སྦྱིན་མ་བསྙེན་པར་རྫོགས་རོགས་ཞེས་གསོལ་བ་འདེབས་རྒྱུའི་གོ་སྐབས་ཐོབ་མེད་ཀྱང་སངས་རྒྱས་ཀྱི་རང་འགུལ་གྱི་ཐོག་ནས་དགེ་སློང་གི་དགེ་འདུན་དང་དགེ་སློང་མའི་དགེ་འདུན་གཉིས་ཀར་སངས་རྒྱས་རང་གིས་ཡེ་ཤེས་དབྱིངས་འབྱེད་ཐོག་ནས་བཀའ་གནང་ནས་ཆོས་སྦྱིན་མ་རབ་ཏུ་བྱུང་ཟིན་པ་རེད། དགེ་སློབ་མའི་ཆོས་དྲུག་ལ་ལོ་གཉིས་ཀྱི་ཉམས་ལེན་བྱས་ཟིན་པ་རེད། དེར་བརྟེན་དགེ་འདུན་གྱི་སྡེའི་ནང་བཅར་མ་ཐུབ་པ་ཡིན་ནའང་ཨུཏྤལི་ཁ་དོག་ཕོ་ཉར་བཏང་ནས་ཕོ་ཉའི་ལན་ནས་ཁྲིམས་ཀྱི་ལམ་ནས་བསྙེན་པར་རྫོགས་དགོས་ཀྱི་རེད་ཅེས་བཀའ་གནང་བ་དེ་དག་རྒྱུ་མཚན་གང་ཡིན་བརྗོད་ན། གདུལ་བྱའི་དབང་པོ་དེ་དག་རྒྱུས་སྨིན་པ་ཡོད་པར་བརྟེན་ནས་ཡིན། དུས་ལས་ཡོལ་བ་ཡིན་ན་བསྟན་པ་དང་གང་ཟག་གཉིས་ཀར་གྱོང་གུན་ཆགས་རྒྱུ་ཡིན།
སངས་རྒྱས་རང་གི་ཡེ་ཤེས་ཀྱིས་གཟིགས་ནས་ཁྲིམས་ཀྱི་ལམ་ནས་བསྙེན་པར་རྫོགས་པ་ཐམས་ཅད་སྐྱེ་པ་དང་བུད་མེད་ཀྱི་དབྱེ་བ་ཕྱེ་ནས་གནང་བ་མིན་ལ། དུས་ལ་བབ་པའི་གང་ཟག་དུས་ཀྱིས་རྗེས་སུ་གཟུང་དགོས་པ་དེ་སྟོན་པའི་ཁྱད་པར་ཅན་གྱི་ཐབས་མཁས་ཀྱི་མཛད་པ་ཞིག་ཡིན་པར་བརྟེན་དུས་ལ་བབ་སྐབས་བར་ཆད་དང་དཀའ་ངལ་ཇི་འདྲ་ཞིག་ཡོད་པ་ཡིན་ནའང་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱ་དེ་འདྲེན་པར་མཛད་རྒྱུ་གལ་ཆེན་པོ་ཡིན་པ་དང། ལར་ནས་སངས་རྒྱས་རང་གི་ཐེག་ཆེན་མདོའི་ནང་དུ་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་མཁན་གྱི་སངས་རྒྱས་གང་འདྲ་ཞིག་ཡིན་ནའང་ངེས་པར་དུ་མཛད་རྒྱུའི་མཛད་པ་ལྔ་ཡིན་ན་བདུན་གང་རུང་ཞིག་ཡོད། དེ་ངས་ཡག་པོ་དྲན་མ་སོང། མཛད་པ་དེ་དག་མ་མཛད་བར་མྱ་ངན་ལས་འདས་པའི་ཚུལ་བསྟན་གྱི་མ་རེད་ཅེས་གསལ་ཡོད། ཅེསསོགས་ཀྱི་གསུང་བཤད་གནང་རྗེས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་ཏེ་མཛད་སྒོ་གྲོལ། ད་ཐེངས་དགེ་སློང་མའི་ཉམས་ཞིབ་ཚོགས་ཆུང་གི་འདུལ་བ་འཛིན་པ་ཆོས་བརྒྱུད་ཁག་གི་སྐུ་ཚབ་བརྒྱད་ཡོད་པའི་ནང་བཙུན་མའི་སྐུ་ཚབ་གཉིས་མཉམ་ཞུགས་གནང་ཡོད་པ་མ་ཟད། དུས་ཡུན་ཟླ་བ་བཞིའི་རིང་ཉམས་ཞིབ་གནང་རྒྱུ་ཡིན་འདུག་པ་བཅས།།