༢༠༡༢ ཟླ་ ༨ ཚེས་ ༡༣ རེས་གཟའ་ཟླ་བ།
༅༅། །དེ་ཡང་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཕྱི་ལོ་ ༡༩༨༥ རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་ཡོད་པའི་སེར་བྱེས་འབྲིང་རིམ་སློབ་གྲྭར་འཛིན་རིམ་བཅུ་པ་ཐོན། ཕྱི་ལོ་ ༡༩༩༧ ལོར་ཝར་ན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་བསྟན་བཅོས་སམ་ཤསྟྲི་བསླབ་པ་མཐར་སོན་རྗེས་དགེ་ལྡན་སྤྱི་ལས་ཁང་དུ་ལོ་ངོ་གཅིག་ཙམ་ལས་ཞབས་ཞུས། དེ་རྗེས་བལ་ཡུལ་དུ་བོད་པའི་སློབ་གྲྭ་ཁག་གསུམ་དུ་ལོ་ངོ་གསུམ་རིང་དང་བླངས་ཐོག་བོད་ཡིག་སློབ་ཁྲིད་བྱས་ཡོད། ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༡ ཉིན་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་ཐད་བསྐོས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༥ ཚེས་ ༡༦ ཉིན་ནས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་གནས་སྤོས་ཀྱིས་ལས་ཁུར་ཞུ་མུས་སྐབས། རྒྱུགས་འབྲས་ལེགས་ཐོན་གྱིས་ས་གནས་ཁྲིམས་ཞིབ་པར་ཐད་བསྐོས་གནང་ཡོད།
ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བློ་བཟང་ཚེ་ཐར་ལགས་ཕྱི་ལོ་ ༡༩༧༦ ལོར་ཌལ་ཧོར་གཏན་སློབ་ནས་གཞི་རིམ་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༠ ལོར་ཅན་དྷི་གར་མཐོ་སློབ་ནས་ B.A.(Hons.) སློབ་ཐོན་ལག་ཁྱེར་དང་། ཕྱི་ལོ་ ༡༩༨༣ ལོར་དགེ་རྒན་འོས་སྦྱོང་བྱས་ཏེ་ B.Ed.ལག་ཁྱེར་ཐོབ། ཕྱི་ལོ་ ༡༩༨༤ ཟླ་ ༩ ནས་ ༡༩༩༢ ཟླ་ ༨ བར་ལ་དྭགས་བོད་ཁྱིམ་སློབ་གྲྭར་དགེ་རྒན་གྱི་ལས་ཁུར་དང། ཕྱི་ལོ་ ༡༩༩༢ ཟླ་ ༩ ནས་ ༡༩༩༦ ཟླ་ ༨ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དཔེ་མཛོད་དོ་དམ་པ་དང། ཕྱི་ལོ་ ༡༩༩༨ ལོར་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ལས་ཁུངས་སུ་ལོ་བཞི་དང་ཟླ་དྲུག་རིང་བཟོ་ཚོང་སྐུལ་སྤེལ་ལས་གཞིའི་ལས་འཛིན་འགན་ཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༧ ནས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༣༠ བར་བོད་གཞུང་གཏན་སློབ་ཁག་གཉིས་ནང་བོད་རིགས་སློབ་སྤྱིའི་ལས་ཁུར་དང། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༨ ནས་ཕྱི་ལོ་ ༢༠༡༢ ཟླ་༨ ཚེས་ ༡༡ བར་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་དུ་ལས་འཆར་འགན་ཁུར་ཞུས་ཡོད།
ད་ཐེངས་གསར་དུ་བསྐོ་གཞག་བྱས་པའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་དང་བློ་བཟང་ཚེ་ཐར་ལགས་རྣམ་གཉིས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐད་བསྐོས་གནང་བའི་ས་གནས་ཁྲིམས་ཞིབ་པ་ཐོག་མ་ཡིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདེམས་རྒྱུགས་ཀྱི་རྒྱ་ཁྱབ་གསལ་བསྒྲགས་གནང་བ་བརྒྱུད། རྒྱུགས་འབྲས་རྩེ་ཕུད་ལོན་པ་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཡིག་དགོངས་དོན་གཞིར་བཟུང་ཐད་བསྐོས་གནང་སྟེ། ཕྱི་ཟླ་ ༨ ཚེས་ ༡༣ ནས་དམ་འབུལ་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་བཅར་འགོ་འཛུགས་ཞུས་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༡༤ ནས་ ༢༣ བར། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་གནང་བའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ལྔ་པ་ཚུགས་གཏན་འཁེལ་བ་བཞིན། ཐད་བསྐོས་ས་གནས་ཁྲིམས་ཞིབ་པ་རྣམ་གཉིས་སྦྱོང་བརྡར་ལ་མཉམ་ཞུགས་དང་སྦྲགས། ཕྱི་ཚེས་ ༢༤ བར་འཛིན་སྐྱོང་དང་དངུལ་རྩིས་སྐོར་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཉམས་གསོག་གནང་རྒྱུ་ཡིན་འདུག
ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་། བློ་བཟང་ཚེ་ཐར་ལགས་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཁང་གི་ཁྲིམས་ཞིབ་པར་ལས་འགན་བཀོད་སྒྲིག་གནང་ཡོད་པ་དང་། ཁྲིམས་ལུགས་ཟབ་སྦྱོང་དང་ཉམས་གསོག་གྲུབ་མཚམས་ས་གནས་ཁྲིམས་ཞིབ་པ་རྣམ་གཉིས་སོ་སོའི་ལས་གནས་སུ་ལས་བཅར་ཞུ་རྒྱུ་ཡིན་པ་བཅས།།