༢༠༡༢ ཟླ་ ༨ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཇར་མན་སྲིད་བློན་མཆོག་གིས་དབུས་ཇར་མན་གཞུང་གི་བློན་ཆེན་བདུན་དང་ཁུལ་དེའི་ཚོང་ལས་བཟོ་གྲྭ་ཁག་གི་ཆེས་མཐོའི་མི་སྣ་ཉི་ཤུ་ལྷག་རྒྱ་ནག་ཏུ་ཕྱོགས་ཕན་ཚུན་གཉིས་ཀྱི་ཚོང་དོན་ཆེད་ཕེབས་འཆར་ཡོད་པ་དང་སྟབས་བསྟུན། ཇར་མན་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ནས་ཇར་མན་གཞུང་གི་སྲིད་བློན་ཨེན་ཇེ་ལ་མེར་ཀེལ་(Angela Markel)མཆོག་ལ་བོད་མིའི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་དབུས་བོད་ནང་གི་ཛ་དྲག་གནད་དོན་སྐོར་རྒྱ་ནག་གཞུང་གི་འགོ་ཁྲིད་དང་ལྷན་དུ་གླེང་སློང་དགོས་པའི་རེ་འདུན་ཞུས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༨ ཉིན་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་གཙོས་ཁུལ་དེར་གནས་སྡོད་བོད་མི་ཁག་གཅིག་གིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་བོད་ནང་གི་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་འདྲ་པར་སྒྲིག་གཤོམ་ཐོག་ཁོང་རྣམ་པའི་མངོན་འདོད་ཀྱི་འབོད་ཚིག་རྣམས་སེམས་ཚོར་ཆེན་པོས་མི་མང་ལ་བརྒྱུད་བསྒྲགས་གནང་བ་དང་ཆབས་ཅིག་སྲིད་བློན་ཨེན་ཇེ་ལ་མེར་ཀེལ་མཆོག་གིས་ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ཕྱོགས་གཉིས་ཀྱི་ཚོང་དོན་ཙམ་མ་ཟད། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དགོས་པའི་རེ་འདུན་ཞུས་ཡོད། སྐབས་དེར་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསུང་དོན། ད་ཐེངས་ཇར་མན་གཞུང་གི་སྲིད་བློན་ཨེན་ཇེ་ལ་མེར་ཀེལ་མཆོག་གིས་རྒྱ་ནག་གཞུང་གི་དཔོན་རིགས་དང་ལྷན་མཇལ་འཕྲད་གནང་སྐབས་བོད་ནང་གི་ཛ་དྲག་ཆེ་བའི་གནད་དོན་དེ་གལ་གནད་ཆེ་ཤོས་སུ་བརྩིས་ཐོག་གླེང་སློང་གནང་དགོས། དེ་བཞིན་རྒྱ་ནག་གཞུང་ནས་ད་བར་བོད་ཐོག་བཟུང་དང་འཛིན་ཡོད་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་ངེས་པར་དུ་འགྱུར་བ་གཏོང་དགོས་ཞེས་སོགས་གསུང་དགོས་པ་མ་ཟད། རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་བོད་ནང་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་དམ་བསྒྲགས་གང་ཡང་མེད་པའི་སྒོ་ནས་འགྲོ་བསྐྱོད་ཆོག་པའི་དགོས་འདུན་ངེས་པར་དུ་འདོན་དགོས། ཞེས་སོགས་གསུངས་འདུག་པ་བཅས། །
ཇར་མན་གཞུང་གི་སྲིད་བློན་མཆོག་ལ་རེ་འདུན་ཞུས་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)