༢༠༡༢ ཟླ་ ༨ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ དང་རབ་གནས་ཆུ་འབྲུག་གྲོ་བཞིན་ཟླ་བའི་ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་དུ་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་གཏང་རག་གི་གཞུང་འབྲེལ་དབྱར་གསོལ་སྤྱན་འདྲེན་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུས་ཕྱག་རོགས་བཀའ་བློན་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ།
དྲུང་ཆེ་ཆུང་གིས་གཙོས་སྲི་ཞུ་བ་རྣམ་པས་རང་ལུགས་ཀྱི་ན་བཟའ་བཞེས་ཏེ་ལྷན་འཛོམས་ཀྱི་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་རྣམས་ཀྱིས་སྤྱན་འདྲེན་གྱི་ཆོ་ག་གསུང་འདོན་གནང་རྗེས་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོ་ལྷ་ཕེབས་ཀྱིས་བཀའ་ཁྲི་མཆོག་གིས་དབུས་སྲི་ཞུ་བ་རྣམ་པར་མཇལ་ཁ་དང་མཇལ་དར་འབུལ་སྐབས་བཀའ་ཁྲི་མཆོག་གི་ཕྱག་ནས་དམ་པོར་བཟུང་སྟེ་བཀའ་ལུང་སྩལ་ཏེ་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་དབྱར་གསོལ་གཏང་རག་གི་སྤྱན་འདྲེན་གཟབ་རྒྱས་ཞུས་ཡོད།