༢༠༡༢ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦིར་ཅོན་ཏ་ར་གཞིས་ལས་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢ འཁོད་བཀའ་ཡིག་གནང་གསལ་བཞིན། བོད་ནང་གི་ད་ལྟའི་ཛ་དྲག་གནས་བབ་སྤྱི་དང༌། བྱེ་བྲག་ཏུ་རང་ལུས་མེར་སྲེག་གི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེ་དང་སྐྱིད་སྡུག་མཉམ་མྱོང་ཞུ་ཆེད་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་དཔལ་ལྡན་བཀའ་བློན་ཁྲི་པའི་འགན་ཁུར་གྱི་དམ་འབུལ་ཞུས་ཏེ་ལོ་གཅིག་འཁོར་བའི་དུས་ཚིགས་འཁེལ་བ་དང་སྟབས་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཡོངས་སུ་ས་གནས་སོ་སོའི་གནས་བབ་ལ་གཞིགས་པའི་བོད་དོན་ལས་འགུལ་དང་མཆོད་འབུལ་སྨོན་ལམ་གནང་རྒྱུའི་བཀོད་ཁྱབ་ཕེབས་པ་ལྟར། འདི་ག་ཅོན་ཏ་ར་ཁུལ་ནང་ཆེན་ཁྱབ་ཁོངས་བོད་མི་རྣམས་ཀྱི་དཔལ་འབྲི་གུང་བཀའ་བརྒྱུད་བུམ་མང་བྱམས་པ་གླིང་དགོན་པར་བསངས་གསོལ་གཟབ་རྒྱས་དང་མཆོད་འབུལ་སྨོན་ལམ་བསྐོང་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཚོུད་ ༨།༣༠ ཐོག་མི་མང་རྣམས་དཔལ་བུམ་མང་དགོན་པར་འདུ་འཛོམས་གནང་སྟེ་ཆུ་ཚོད་ ༩།༠༠ ཐོག་དཔལ་བུམ་མང་དགོན་པའི་དགེ་འདུན་པས་དབུས་མི་མང་རྣམས་ནས་བསངས་གསོལ་བཏང་ཡོད། དེ་ནས་ཆུ་ཚོད་ ༩།༣༠ ཐོག་ལས་དྲུང་བསོད་ནམས་བདེ་སྐྱིད་ལགས་ཀྱིས་མཆོད་འབུལ་སྨོན་ལམ་སྐོར་ངོ་སྤྲོད་སྙིང་བསྡུས་དང་བཀའ་ཤག་འཚམས་འཕྲིན་སྒྲོགས་སྦྱང་ཞུས། དེ་རྗེས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཉིས་གནང་ཡོད། དེ་ནས་རིམ་བཞིན་སྨོན་ལམ་གསུང་འདོན་གནང་ཡོད་པ་བཅས།།