༢༠༡༢ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཉེ་སྔོན་བྷར་མའི་ནང་ཁ་ཆེ་དང་ནང་པའི་དབར་འཁྲུག་རྩོད་དབང་གིས་བོད་མིའི་ཐོག་དོན་མེད་མཐོང་ཚུལ་དང། བློ་ཕམ་སྐྱེ་གཞིའི་གནས་ཚུལ་ཡང་ཁ་ཤས་བྱུང་ཡོད། བོད་མིར་མཐོང་ཚུལ་བྱུང་དགོས་པའི་རྒྱུ་མཚན་གཙོ་བོ་དྲྭ་རྒྱའི་ནང་ཕྱི་ལོ་ ༢༠༡༠ ཟླ་ ༤ ནང་རྐྱེ་རྒུ་མདོའི་ས་ཡོམ་སྐབས་བོད་མི་བརྒྱ་ཕྲག་མང་པོ་རྐྱེན་འདས་སུ་གྱུར་ཡོད་པར་བརྟེན། ཛ་དྲག་གི་གནས་སྟངས་འོག་བོད་མི་དགེ་འདུན་པ་ཚོས་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཕུང་པོ་མཉམ་བསྲེག་གི་ཞུགས་འབུལ་གནང་སྐབས་ཀྱི་པར་རིགས་བེད་སྤྱོད་ལོག་པ་བྱས་པ་ལས་བོད་མིའི་ཐོག་མཐོང་ཚུལ་ལོག་པ་བྱུང་བ་ཞིག་ཡིན་འདུག དེར་བརྟེན་པར་རིགས་དེ་དག་ལ་གོ་ནོར་ཐེབས་དགོས་དོན་རྩ་བ་ནས་མེད། གཞི་རྐང་ཉེ་སྔོན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་སྐབས་ཀར་ཎ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང། མངའ་སྡེའི་གྲོས་ཚོགས་འཐུས་མི། དེ་བཞིན་སྐོར་སྲུང་བའི་དཔོན་རིགས་བཅས་ལ་དེའི་སྐོར་འགྲེལ་བརྗོད་གནང་ཟིན་ཡང། བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པས་ཁ་ཆེའི་སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་ཇི་བཞིན་གསལ་རྟོགས་ཐུབ་པ་བཟོ་ཆེད་ཁ་ཆེའི་བླ་ཆེན་དང། ཁ་ཆེའི་གནད་ཡོད་མི་སྣ། མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་ཀྱི་སར་བཅར་ནས་གོང་གསལ་གནས་ལུགས་འགྲེལ་བརྗོད་རྒྱག་རྒྱུ་དང། བོད་མིའི་སྤྱི་ཚོགས་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་བོད་པ་ཁ་ཆེ་དང་ནང་པའི་དབར་འབྲེལ་ལམ་དམ་ཟབ་ཡོད་པ། ཁྱད་པར་༸གོང་ས་མཆོག་གིས་འཛམ་གླིང་ཁྱོན་ཡོངས་ལ་ཆོས་ལུགས་མཐུན་སྒྲིལ་དགོས་པའི་བཀའ་སློབ་ལམ་སྟོན་མཛད་དང་མཛད་མུས་ཡིན་པ་མ་ཟད། མགོན་པོ་གང་ཉིད་མཆོག་ནས་ཀྱང་ཁ་ཆེའི་ལྷ་ཁང་ལ་གནས་གཟིགས་མཛད་པ་དང་། ཁ་ཆེའི་བླ་ཆེན་མང་པོ་དང་འབྲེལ་ལམ་དམ་ཟབ་མཛད་མུས་ཡིན་པ། དེ་བཞིན་ཉེ་ལམ་ཨ་སམ་གྱི་དོན་རྐྱེན་སྐབས་སུའང་༸གོང་ས་མཆོག་གིས་ཡོངས་གྲགས་སུ་མགོན་པོ་གང་ཉིད་མཆོག་ཐུགས་བློ་ཕམ་བྱུང་བའི་བཀའ་སློབ་སྩལ་ཡོད་པ་བོད་ཀྱི་དྲྭ་རྒྱ་ (tibet.net) ནང་ཀུན་གྱིས་གཟིགས་ཐུབ་རྒྱུ་ཡིན་པ་འགྲེལ་བཤད་རྒྱག་དགོས། ང་ཚོས་ཁ་ཆེའི་ཆོས་གྲོགས་ཚོ་དང་རྒྱ་གར་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོས་གནས་ཚུལ་གསལ་རྟོགས་དང་སྤྱི་ཚོགས་བརྟན་ལྷིང་བསྐྲུན་རྒྱུར་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བཀའ་ཤག་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ ཉིན།།