༢༠༡༢ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སླེ་ཁུལ་གྱི་ཆོས་འབྲེལ་ཉིན་མཐའ་དང་སྟབས་བསྟུན་དད་ལྡན་ཆོས་ཞུ་བ་རྣམས་ལ་འཕགས་མ་སྒྲོལ་དཀར་གྱི་ཚེ་དབང་དང་བཀའ་སློབ་སྩལ་ཡོད།
ཉིན་དེའི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་༸གོང་ས་མཆོག་གིས་ལྕོག་ལམ་སར་ཡོད་པའི་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བའི་ནང་དད་ལྡན་ཆོས་ཞུ་བ་འབུམ་ལ་ཉེ་བར་ཆོས་འབྲེལ་ཉིན་མཐའ་མ་དང་འབྲེལ་འཕགས་མ་སྒྲོལ་དཀར་གྱི་ཚེ་དབང་སྩལ་བ་དང་ཆབས་ཅིག་བཀའ་སློབ་ཕེབས་དོན། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མར་ཚེ་དབང་བྱ་རྒྱུ་ཡིན། ཚེ་དབང་ཟེར་རྒྱུ་དེ་ཚེ་རིང་པོ་གནས་རྒྱུའི་དོན་དུ་རེད། ཚེ་རིང་པོ་གནས་རྒྱུར་སོ་སོའི་སྤྱོད་ལམ་གང་བྱུང་བྱས་པ་དང་། ཆང་རག་ཚད་མེད་བཏུང་ན་གཟུགས་པོར་གནོད་ཀྱི་རེད། འཕྲོད་བསྟེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་དེ་རིང་གི་ཚེ་དབང་འདི་ཕྱོགས་གཅིག་ནས་འཕགས་མ་སྒྲོལ་དཀར་གྱི་སྒོ་ནས་ཚེ་དབང་བྱ་རྒྱུ་ཡིན་པས་ཟས་དཀར་སྐྱོང་ལ་སྤྱོད་དགོས། ལར་ནས་ཚེ་འཐུང་རྒྱུར་གྱི་ལས་དེ་གཞན་གྱི་སྲོག་གཅད་ན་ཚེ་འཐུང་དུ་འགྲོ་གི་ཡོད། གལ་སྲིད་འབུ་སྲིན་ཞིག་བསད་ཀྱང་རང་ཉིད་ཀྱི་ཚེ་འཐུང་དུ་འགྲོ་རྒྱུའི་རྒྱུན་རྐྱེན་དུ་འགྲོ་གི་ཡོད། སྔ་མོ་ངོས་རང་ལྷ་སར་ཡོད་སྐབས་ཕལ་ཆེར་ལོ་བཅུ་གསུམ་བཅུ་བཞི་དེ་འདྲ་ཞིག་གི་སྐབས་ལ་རེད། བོད་གཞུང་གིས་མཛད་སྒོར་སྟོན་མོ་གཤོམ་རྒྱུ་དེ་དག་ཡོངས་རྫོགས་དམར་སྐྱོང་རེད། ངོས་ཀྱིས་ང་ཚོ་དཀར་སྐྱོང་བྱས་ན་ཡག་གི་རེད་ཅེས་བསྒྱུར་བཅོས་བཏང་བ་ཡིན། སེམས་ཅན་མང་པོའི་སྲོག་ལ་དམིགས་ས་ལྟ༌བུ་ཆགས་ཀྱི་འདུག ང་ཚོ༌རྒྱ་གར་དུ་སླེབས་ཏེ་གདན་ས་ཁག་གི་སྤྱི་ཐབ་ཚང་མ་ནས་ཟས་དཀར་སྐྱོང་བཏང་སྟེ་ཕལ་ཆེར་ལོ་བཅོ་ལྔ་ཉི་ཤུ་ཕྱིན་ཡོད། སྒེར་པ་སོ་སོའི་འཕྲོད་བསྟེན་ཆེད་དང་ཁྲོམ་གཞུང་དུ་ཤ་ཡོད་ན་གནས་ཚུལ་ཐ་དད་རེད། དམར་ཟས་རྒྱས་སྤྲོད་བྱེད་རྒྱུ་མེད། སོ་སོའི་འཕྲོད་ཆེད་ཡིན་ན་གནས་ཚུལ་ཐ་དད་རེད་མ་གཏོགས་སྟོན་མོ་ཞིག་བཏང་ཕྱིན་ཆད་ལ་དམར་ཟས་མང་པོ་མ་བཏང་ན་ཡག་གི་རེད། དེར་བརྟེན་ང་ཚོས་ཡར་རྒྱས་ལ་མིང་བཏགས་ཏེ་དམར་ཟས་ཚོད་མེད་ཀྱི་དང་དོད་ཐོག་ནས་སྤྱད་ན་ཡག་པོ་མེད། དེ་རིང་ཚེ་དབང་ཞུ་བཞིན་ཡོད་པར་བརྟེན་རྒྱུན་དུ་དཀར་ཟས་ཤུགས་ཆེ་ཙམ་བཟས་ཏེ་འཕྲོད་བསྟེན་ཐོག་གཟབ་གཟབ་བྱེད་དགོས།
བོད་གངས་ཅན་དུ་བསྟན་བཅོས་བསྒྱུར་ཡོད་པ་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད། ངོས་ཀྱིས་དེ་དག་ང་ཚོའི་སློབ་དེབ་རེད་ཅེས་ཤོད་ཀྱི་ཡོད། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་སློབ་དེབ་ཀྱི་འདུ་ཤེས་འཇོག་དགོས་པ་རེད་མ་གཏོགས་དེ་སངས་རྒྱས་དང་རྒྱ་གར་མཁས་པ་ཚོས་བརྩམས་པའི་གསུང་བྱིན་རླབས་ཅན་རེད་ཅེས་བརྗོད་ནས། གཙུག་ལག་ཁང་དང་དགོན་པའི་རྟེན་གྱི་གྲས་སུ་བཞག་སྟེ་དུས་དུས་ལ་མཆོད་པ་བྱེད་རྒྱུ་མ་གཏོགས་སློབ་དེབ་ཡིན་པའི་བསམ་པའི་འདུ་ཤེས་ང་ཚོས་འཇོག་གི་མི་འདུག་པས་ནོར་འཁྲུལ་ཡིན། ངོས་ཀྱིས་རྟག་ཏུ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་དག་སློབ་དེབ་ལ་འདུ་ཤེས་བཞག་སྟེ་དེར་སློབ་སྦྱོང་བྱེད་དགོས་ཞེས་བརྗོད་བཞིན་ཡོད། ངོས་རང་ལ་ཆ་བཞག་ན། དུས་ཚོད་ནམ་ཁོམ་ལ་རྒྱ་གཞུང་བསྟན་འགྱུར་གྱི་གྲས་དེ་ཞེ་དྲག་ཤེས་ཀྱི་མི་འདུག་ཀྱང་ཀློག་གི་ཡོད། དེའི་གོ་བ་ཧ་ཅང་ཟབ་པོ་རེད་འདུག དེར་བརྟེན་འདི་གར་ཡོད་པའི་སེར་སྐྱ་ཕོ་མོ་ཚང་མས་སྤྱིར་སློབ་སྦྱོང་བྱེད་རོགས་ཟེར་རྒྱུ་དང་ཆབས་ཅིག་སློབ་སྦྱོང་བྱ་རྒྱུའི་གཞུང་དེ་ཡང་ང་ཚོས་ལེེགས་སྦྱར་དང་ཧིན་རྡི། དབྱིན་ཇི་སྦྱང་དགོས་ཀྱི་མེད། སོ་སོ་བོད་ཡིག་ནང་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་དག་སློབ་དེབ་ཡིན་པར་བརྟེན། ཁྱེད་རང་ཚོས་ལྟ་རོགས། ལྷག་པར་རབ་བྱུང་གི་ཕོ་མོའི་སྡེ་ཚོས་ངེས་པར་ལྟ་དགོས། དེ་བཞིན་ཁྱེད་ཚོ་ཚང་མས་དོན་གཉེར་ཆེན་པོའི་ཐོག་ཉི་མ་བསྟུད་དེ་འདི་གར་ཡོང་ནས་དད་པ་དང་འདུན་པ་རྩེ་གཅིག་རེད་འདུག་པས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ངོས་ནས་ཞེ་དྲག་ཤེས་ཀྱི་མེད། འོན་ཀྱང་ཁྱེད་རང་ཚོས་ངོས་ལ་རྩེ་གཅིག་གི་ལྷག་བསམ་བསྟེན་ནས་ཡོད་སྟབས། ངོས་ལ་ཡང་ཁྱེད་རང་ཚོའི་སྒོ་གང་ནས་ཕན་པ་བསྒྲུབ་རྒྱུའི་ལས་འགན་ཞིག་ཡོད། ཚུར་ཡིད་ཆེས་བློས་འགེལ་བྱས་ན་ཕར་ཕན་ཐོགས་བྱེད་རྒྱུ་དེ་ལས་འགན་རེད། ཆོས་ཞུ་བ་སེར་སྐྱ་མི་མང་ཚོས་ཧུར་ཐག་གནང་སོང་བས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། གཙོ་ཆེ་ཁྱེད་རང་ཚོའི་ལ་དྭགས་ཀྱི་བླ་མ་ད་ལྟ་དགའ་ལྡན་ཁྲི་པའི་ལས་འགན་བཞེས་མུས་ཡིན་པ། ངོས་རང་སྒེར་ངོས་ནས་ཡིན་རུང་ཆོས་འབྲེལ་མང་པོ་ཞུས་ཡོད། གཙོ་ཆེ་རིན་པོ་ཆེས་ཐུགས་ཁུར་བསྐྱེད་དེ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁ་སང་ཞུས་པ་ལྟར་རིན་པོ་ཆེ་དགུང་ལོ་གང་ཙམ་ཡར་ཕེབས་ཡོད་ཀྱང་ད་ལྟ་སྐུ་གཟུགས་ཧ་ཅང་ཡག་པོ་འདུག ད་དུང་ཡིན་ནའང་འཕྲོད་བཞེས་ཡག་པོ་གནང་སྟེ་སྐུ་ཚེ་བརྒྱ་ཟིན་མ་ཟིན་ཞིག་བཞུགས་ཐུབ་རྒྱུའི་རིན་པོ་ཆེས་ཐུགས་འདུན་གནང་རོགས། ངོས་རང་སློབ་མ་ཞིག་ཡིན་པའི་ཆ་ནས་སྨོན་ལམ་ཞུ་རྒྱུ་ཡིན། སླད་འདི་གར་ཡོང་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་ཡོད།
དེ་བཞིན་ཆོས་འབྲེལ་ཉིན་མཐའ་མ་དང་སྟབས་བསྟུན་ལ་དྭགས་ནང་པའི་རིག་གཞུང་ལྷན་ཚོགས་དང་ལ་དྭགས་དགོན་ཚོགས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་བཅས་༉ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་འདུག་པ་བཅས། །