༢༠༡༢ ཟླ་ ༨ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡༨ ནས་བཟུང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཉིན་ཤས་བཞུགས་ཞག་མཛད་རྗེས་ཕྱི་ཚེས་ ༢༧ ཉིན་ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་ཚོར་བཀའ་སློབ་སྩལ་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་རྒྱལ་ས་སླེ་ཁུལ་གྱི་ཨི་དྷི་ག་ (Idgah) ཅེས་པའི་ས་གནས་སུ་ལ་དྭགས་ཁ་ཆེའི་འདུ་སྡོད་དུ་ཆིབས་སྒྱུར་བསྐྱངས་ཡོད། སྡོད་སྒར་དེའི་ནང་ཁ་ཆེ་བའི་ཁྱིམ་ཚང་ཆིག་སྟོང་ཙམ་ཡོད་པའི་ནང་ཁྱོན་བསྡོམས་མི་གྲངས་ཆིག་ཁྲི་ཉིས་སྟོང་ཙམ་གནས་སྡོད་བྱེད་ཀྱི་ཡོད་འདུག ཐེངས་འདིར་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་པར་མི་མང་རྣམས་ཀྱིས་དགའ་སྤྲོ་ཆེན་པོའི་སྒོ་ནས་ཕེབས་བསུ་ཞུས་པ་དང་ཆབས་ཅིག་མགོན་པོ་གང་ཉིད་མཆོག་གིས་ལ་དྭགས་ནང་དུ་ནང་པ་དང་ཁ་ཆེའི་དབར་མཐུན་སྒྲིལ་དམ་ཟབ་གནས་ཐབས་སུ་ཐུགས་འཁུར་ཆེ་བཞེས་མཛད་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ལྷག་པར་དུས་ཚོད་འདི་ནི་ཁ་ཆེ་ཚོའི་ར་མ་དྷན་ (Ramadan) ཞེས་པའི་སྨྱུང་གནས་སྡོད་རྒྱུའི་དུས་ཚིགས་སྐབས་ཆིབས་སྒྱུར་བསྐྱངས་པ་དེ་ནི་ཧ་ཅང་བསྐལ་པ་བཟང་པོ་ཞིག་ཡིན་པ་ངོས་འཛིན་ཞུ་བཞིན་ཡོད་ཅེས་སྙན་སྒྲོན་ཞུས་འདུག སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་གར་ཁྱུག་ཙམ་ཞིག་ཡོང་སྟེ་ཁྱེད་རང་ཚོ་ཐུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཆོས་ལུགས་ཚང་མའི་ནང་བྱམས་བརྩེ་དང་། བཟོད་སྒོམ། མཐུན་སྒྲིལ་བཅས་ཀྱི་སློབ་གསོ་གཅིག་མཚུངས་གནང་གི་ཡོད་པ་ལྟར། ངོས་རང་གིས་གནད་དོན་དེ་དག་གི་ཐོག་འབད་བརྩོན་བྱེད་བཞིན་ཡོད། དེ་བཞིན་ཁྱེད་རང་ཚོ་ཁ་ཆེ་དང་ནང་པ་གཉིས་དབར་གལ་སྲིད་མ་འོངས་རྙོག་གྲའི་རིགས་བྱུང་ན་གྲོས་བསྡུར་དང་ཞི་འགྲིག་གི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།