༢༠༡༢ ཟླ་ ༨ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཇ་མུ་ཀ་ཤི་མིར་མངའ་སྡེའི་བློན་ཆེན་ལས་ཁུངས་དང་ཁུལ་དེར་གཞིས་ཆགས་པའི་བོད་རིགས་ཁ་ཆེའི་མཐུན་ཚོགས། བོད་རིགས་ཁ་ཆེའི་སློབ་གྲྭ་བཅས་ཐུན་མོང་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༤༥ ཐོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ཀ་ཤི་མིར་གནམ་ཐང་དུ་༸ཞབས་སོར་འཁོད་དེ་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་དེར་བཅར་བའི་བོད་རིགས་ཁ་ཆེ་བ་རྣམས་ལ་བྱམས་བརྩེའི་གསུང་གི་བདུད་རྩིས་ཁོང་རྣམས་དགའ་བདེས་འཚིམས་པར་མཛད། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་རིགས་ཁ་ཆེའི་སློབ་གྲྭའི་ (Tibetan Public School) མདུན་ཐང་དུ་བོད་རིགས་ཁ་ཆེའི་མི་མང་རྣམས་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཤི་རི་ན་གར་གནས་སྡོད་བྱེད་བཞིན་པའི་ལ་དྭགས་ཀྱི་ལས་བྱེད་དང་ཆེད་ལས་སློབ་སྦྱོང་བྱེད་མི་ཁག་གཅིག དེ་བཞིན་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་དང་མི་མང་བཅས་ཁྱོན་མི་གྲངས་ ༨༠༠ བརྒལ་བར་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་༸གོང་ས་མཆོག་གིས་ཤི་རི་ན་གར་རྟེན་གཞི་བྱས་པའི་ཧིན་རྡུ་དང་ཁ་ཆེ། སིཀ་ལྷ་ཁང་བཅས་ལ་གནས་གཟིགས་དང་གསོལ་འདེབས་སྨོན་ལམ་མཛད་ཡོད། ཕྱི་ཚེས་ ༡༨ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་༸ཞབས་སོར་བདེ་བར་འཁོད་རྗེས་ཞི་བའི་ཚལ་གྱི་ཕོ་བྲང་ནང་སྐུ་མཚམས་སུ་བཞུགས་ཞག་མཛད་རྗེས་༸གོང་ས་མཆོག་གིས་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ་མངའ་རིས་ཚང་དགོན་སྡེའི་ཁྱབ་ཁོངས་ཀྱི་དགེ་འདུན་པ་ལྔ་བཅུ་བརྒལ་བར་ཇོ་བོ་གཙུག་ལག་ཁང་དུ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་དང་ཕྱེད་ཡོལ་འཇམ་དབྱངས་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་སློབ་ཕྲུག་ལ་ལམ་སྟོན་བཀའ་སློབ་དང་།
ཕྱི་ཚེས་ ༢༧ ཉིན་ལམ་སྒྲོན་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ། ཕྱི་ཚེས་ ༢༨ ཉིན་ལ་དྭགས་སླེ་ལྕོག་ལམ་སའི་རི་མགོར་གསར་དུ་བཞེངས་པའི་ཟངས་མདོག་དཔལ་རིའི་ལྷ་ཁང་རྟེན་དང་བརྟེན་པ་བཅས་ལ་རབ་གནས་དང་དབུ་འབྱེད། དེ་བཞིན་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༥༠༠ ཡས་མས་སུ་ཡོད་པའི་ཀར་གྷིལ་རྫོང་ཁོངས་ཟངས་དཀར་ཁུལ་གྱི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཚོ་བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་སྔོན་འགྲོའི་ཆོས་འབྲེལ་དབུ་འཛུགས་དང་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༣༠ ཉིན་མགོན་པོ་གང་ཉིད་མཆོག་གིས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་འཕྲོ་སྐྱོང་མཛད་རྗེས་དགེ་བཤེས་གླང་རི་ཐང་པས་མཛད་པའི་སློབ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བསྐྱངས་པ་མ་ཟད། དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་ཡོད།
ཕྱི་ཚེས་ ༣༡ སྟེ་ཆོས་འབྲེལ་ཉིན་མཐའ་མར་མགོན་པོ་གང་ཉིད་མཆོག་གིས་དད་ལྡན་སེར་སྐྱ་མང་ཚོགས་ལ་ཚེ་དབང་བཀའ་དྲིན་བསྐྱངས་རྗེས་ཟངས་དཀར་ཁུལ་གྱི་སེར་སྐྱ་མང་ཚོགས་ཐུན་མོང་གིས་༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། ཕྱི་ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོ་སླར་ཡང་ལ་དྭགས་སླེ་ལྕོག་ལམ་སར་ཡོད་པའི་ཞི་བའི་ཚལ་གྱི་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་དེ་རྒྱ་གར་རྒྱལ་ཡོངས་ཆོས་བརྒྱུད་བཞིའི་དབུ་མའི་ལྟ་གྲུབ་ཀྱི་རྣམ་གཞག་སྐོར་ལ་བགྲོ་གླེང་འཚོགས་འདུ་དབུ་འབྱེད་བསྐྱངས་པ་དང་ཆབས་ཅིག་ནང་པ་རྣམས་ནས་སངས་རྒྱས་པའི་ཆོས་ཀྱི་ཕན་ཡོན་ཤེས་པའི་ཐོག་བསྟན་པར་བདག་གཅེས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་བཀའ་སྩལ་ཡོད། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་བོད་མི་དང་སློབ་ཕྲུག་ ༧༠༠༠ བརྒལ་བར་བཀའ་སློབ་སྩལ། ཕྱི་ཚེས་ ༤ ཉིན་དད་ལྡན་མང་ཚོགས་ཁྲི་ཚོ་ཁ་ཤས་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད།
ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་གིས་ལ་དྭགས་སླེ་ཁུལ་གྱི་ཆོས་འབྲེལ་ཉིན་མཐའ་མ་དང་སྟབས་བསྟུན་དད་ལྡན་ཆོས་ཞུ་བ་རྣམས་ལ་འཕགས་མ་སྒྲོལ་དཀར་གྱི་ཚེ་དབང་དང་བཀའ་སློབ་སྩལ། དེ་བཞིན་ཆོས་འབྲེལ་ཉིན་མཐའ་མ་དང་སྟབས་བསྟུན་ལ་དྭགས་ནང་པའི་རིག་གཞུང་ལྷན་ཚོགས་དང་ལ་དྭགས་དགོན་ཚོགས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་བཅས་༉ནས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། མགོན་པོ་གང་ཉིད་མཆོག་གི་ལ་དྭགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་ལ་དྭགས་ནས་མཁའ་ལམ་བརྒྱུད་ཇམ་མུར་༸ཞབས་སོར་འཁོད་ནས་དེར་མཚན་གཅིག་བཞུགས་ཞག་མཛད། དེ་ནས་ཕྱི་ཚེས་ ༡༤ ཉིན་ཇམ་མུ་ནས་ཕེབས་འགྲོ་བརྒྱུད་སྔ་དྲོ་ ༩།༤༥ ཐོག་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་མང་ཚོགས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས། །