༢༠༡༢ ཟླ་ ༨ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ ལྷག་དཀར་ཉིན་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེན་ཌེ་ས་གནས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་འདྲ་མིན་སྤེལ་ཏེ། བོད་ནང་ད་ལྟའི་ཛ་དྲག་གི་གནས་བབ་སྤྱི་དང་། ལྷག་པར་བོད་ནང་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་པའི་དམ་འབུལ་ཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་འཁེལ་བ་བཅས་དུས་དྲན་སྲུང་བརྩི་དང་མར་མེ་མཆོད་འབུལ་ཞུས་ཡོད།
དེ་ཡང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཀེན་བྷེ་རའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་ས་གནས་བོད་མི་རྣམས་ནས་རང་ལུགས་ཀྱི་ན་བཟའ་གྱོན་ནས་བོད་དོན་རྒྱབ་སྐྱོར་བ་མཉམ་ལྷན་འཛོམས་ཀྱིས་བདེན་ཚིགས་སྨོན་ལམ་གསུང་འདོན་གནང་ཡོད། གོང་ཚེས་ཉིན་མེལ་བྷོན་གྲོང་འཁྱེར་གྱི་མཉམ་འབྲེལ་ཐང་ཆེན་དུ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་འཐུས་མི་དང་། ས་གནས་བོད་དོན་རྒྱབ་སྐྱོར་བ། བོད་མི་རྣམས་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་ཡོད། སྐབས་དེར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་བསམ་གྲུབ་ལགས་ཀྱིས་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་དགོས་དོན་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་ནང་རང་ལུས་མེར་སྲེག་གནང་བཞིན་པའི་ཡ་ང་བའི་གནས་སྟངས་དང་།
ལྷག་པར་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Bob Carr མཆོག་ནས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་ཏུ་ཡོད་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་སྐུ་ཞབས་ཕ་རན་སི་ཨེ་ཌམ་སོན་མཆོག་གིས་ (Frances Adamson) བོད་དུ་རང་ཉིད་དངོས་སུ་གཟིགས་སྐོར་ལ་འགྲོ་རྒྱུ་ཙམ་མ་ཟད། གཞན་ཡང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་གཅིག་བོད་ནང་རྟོག་ཞིབ་ཆེད་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པར་བརྟེན། དེའི་ཐོག་མུ་མཐུད་ནས་རྒྱུན་འཁྱོངས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
དེ་བཞིན་གོང་ཚེས་ཉིན་ནིའུ་ཛི་ལེན་ཌེའི་ཝང་གྷ་རི་ Whangarei དང་། ཨོག་ལེན་ཌེ། ཁ་རའི་སི་ཅར་ཆི་ས་གནས་བོད་རིགས་རྣམས་ཀྱིས་རང་ལུགས་ན་བཟའ་གྱོན་ཏེ་འདུ་འཛོམས་ཐོག་ཁྲོམ་གཞུང་དུ་མར་མེའི་ཁྲོམ་བསྐོར་གྱིས་བདེན་ཚིགས་སྨོན་ལམ་དང་བྱང་ཆུབ་སེམས་བསྐྱེད་གསུང་འདོན་གྱིས་རྒྱལ་གཅེས་པ་རྣམས་ལ་གདུས་སེམས་མཉམ་སྐྱེ་དང་བོད་དོན་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་ཡོད།
གཞན་ཡང་གོང་ཚེས་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་དང་། ཁོན་སེ་ལེན་ཌེ། ཏ་སེ་མ་ནི་ཡ་དང་། ཕ་ཐེ། ནིའུ་ཁའ་སལ། དེ་བཞིན་ནིའུ་ཛི་ལེན་ཌེའི་གྲོང་ཁྱེར་རྡུ་ནི་ཌེན་བཅས་སུའང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཀྱིས་གོམ་འགྲོས་དང་མཆོད་འབུལ་སྨོན་ལམ་རྒྱ་གང་ཆེ་གནང་ཡོད་པ་བཅས།།