༢༠༡༢ ཟླ་ ༨ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༨ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༡༠།༢༠ ཙམ་ལ་ཨོ་རི་ས་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ཟུང་དྲུང་ཨང་དགེ་ཚང་མགོན་པོ་བཀྲ་ཤིས་ལགས་གློ་བུར་སྦེང་ལོར་ཁུལ་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བཀའ་ཤག་ཏུ་སྙན་སེང་དང་སྦྲགས་གསན་ཐོས་བྱུང་བར་ཐུགས་ཕམ་དང་བཅས་དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་སྒྲིབ་བྱང་ཞིང་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད་ཕྱི་ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་བ་དང་ཆབས་ཅིག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་དབུས་ཀྱི་ལས་ཁུངས་ཁག་ཆུ་ཚོད་ ༤ པ་ནས་སྒོ་བརྒྱབ་ཡོད།
དེ་ཡང་ཟུང་དྲུང་མགོན་པོ་བཀྲིས་ལགས་ཀྱི་ལོ་རྒྱུས་ནི། ཁོང་བོད་ཁམས་ནང་ཆེན་དུ་ཕ་བུ་རྡོ་དང་། མ་བཀྲིས་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༥༧ ལོར་སྐྱེས། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་རྗེས་ནང་མི་དང་མཉམ་ལ་དྭགས་བརྒྱུད་རྒྱ་གར་དུ་འབྱོར་རྗེས་ཅོ་ཏ་ར་ནང་ཆེན་གཞིས་ཆགས་ཁོངས་སུ་བཞུགས། ཕྱི་ལོ་ ༡༩༧༦ ལོར་གཞི་རིམ་ཤེས་ཡོན་སིམ་ལ་གཏན་སློབ་ཐོན་ཏེ་ཅན་རྡི་སྒར་མཐོ་སློབ་ཏུ་ལོ་གཅིག་ཙམ་བསྐྱོད། ཕྱི་ལོ་ ༡༩༨༨ ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུར་འཛུལ་ཞུགས་ཀྱིས་གནས་དགུ་པའི་ཐོག་སྦིར་བོད་ནས་གསར་དུ་འབྱོར་བའི་སློབ་གྲྭ་གསར་པའི་རྩིས་པ་གནང་། ཕྱི་ལོ་ ༡༩༩༡ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་རྩིས་པར་གནས་སྤོས་དང་། ཕྱི་ལོ་ ༡༩༩༢ ལོ་ནས་ཀུ་ལུ་ས་གནས་བདེ་དོན་གྱི་ལས་དྲུང་གནང་། ཕྱི་ལོ་ ༡༩༩༤ ནས་ནང་སྲིད་ལས་ཁུངས་ཀྱི་ལས་དོ་དང་རིམ་པས་སྡེ་འགན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༧ ནས་འབུམ་ལ་ས་གནས་བདེ་དོན་ལས་ཁུངས་སུ་ལས་དྲུང་གི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༩ ལོར་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་བྷན་རྡ་ར་གཞིས་ཆགས་ཀྱི་མཉམ་དྲུང་གནང་། ཕྱི་ལོ་ ༢༠༠༠ ལོར་དྲུང་གཞོན་གནས་རིམ་ཐོག་བྷན་རྡ་ར་ས་གནས་འགོ་འཛིན་དང་། ཕྱི་ལོ་ ༢༠༠༤ ནས་བལ་ཡུལ་སྤོག་ར་དང་རྡོ་སྤ་ཀྲན་ས་གནས་འགོ་འཛིན་གཅིག་ལྕོགས་གནང་།
ཕྱི་ལོ་ ༢༠༠༦ ནས་བལ་ཡུལ་སྐུ་ཚབ་དོན་གཅོད་གི་དྲུང་གཞོན་དང་། ཕྱི་ལོ་ ༢༠༠༧ ནས་བལ་ཡུལ་རྒྱལ་ས་དང་འཕགས་ཤིང་ས་གནས་འགོ་འཛིན་གནང་། ཕྱི་ལོ་ ༢༠༠༨ ནས་ཀུ་ལུ་ས་གནས་འགོ་འཛིན་དུ་གནས་སྤོས་དང་། ཕྱི་ལོ་ ༢༠༡༠ ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་ཐོག་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དུ་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༡ ནས་ཨོ་རི་ས་ཕུན་ཚོགས་གླིང་ས་གནས་འགོ་འཛིན་གྱི་ལས་འགན་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་འདུག་པ་བཅས། །