༢༠༡༢ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༤ ཉིན་རྡ་ས་གངས་སྐྱིད་སྤྱི་ཐབས་གསོལ་ཚང་གི་ཡང་སྟེང་ཚོགས་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་ལྔ་པ་དབུ་འཛུགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ལྷུན་གྲུབ་ལགས། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བློ་བཟང་ཚེ་ཐར་ལགས། ཟུང་དྲུང་ཚེས་གསུམ་ལྷ་མོ་ལགས་ཀྱིས་གཙོས་ཁྲིམས་ལུགས་རིག་པ་བ་དང་འབྲེལ་ཡོད་ཕྱོགས་མཐའི་ས་གནས་ཁག་དང་དབུས་ཀྱི་ལས་བྱེད་པ་རྣམས་ལྷན་འཛོམས་ཐོག་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་འཕེལ་རིམ་སྙིང་བསྡུས་ངོ་སྤྲོད་དང་སྦྲགས།
ཐེངས་འདིའི་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་སྐབས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་མ་འདང་བའི་དབང་གིས་ཁ་མཆུ་ཞུ་གཏུག་བྱེད་སྟངས་ཤེས་མིན་གྱི་དཀའ་ངལ་སེལ་ཐབས་སུ། ས་གནས་སོ་སོའི་མང་ཚོགས་ལ་མུ་མཐུད་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་དུ་ས་གནས་སོ་སོར་ཁྲིམས་ལུགས་ལ་སྦྱོང་བརྡར་ཡོད་པའི་ཁྲིམས་རྩོད་པ་གང་མང་བྱུང་ན། མང་ཚོགས་ཁྲོད་བོད་མིའི་ཁྲིམས་ལུགས་སྐོར་ལམ་སྟོན་དང་། ཞུ་རྩ་དང་ཞུ་ལན་འབྲི་རོགས་སམ། ཁ་མཆུ་བོགས་ལེན་གྱི་འགན་ཁུར་ལེན་མཁན་ཡོད་ན། རང་རིགས་ཉམ་ཐག་དང་། གཉོམ་ཆུང་། ཡིག་རྨོངས་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་དང་དམིགས་ཡུལ་བཟུང་སྟེ། ༢༠༠༩ བར་རྒྱ་བལ་གཉིས་ཀྱི་བོད་མིའི་སྤྱི་ཚོགས་ནང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་དེབ་འགོད་ལག་ཁྱེར་ཡོད་མཁན་མི་ ༨ ལས་མེད་སྟབས། ཕྱི་ལོ་ ༢༠༡༠ དང་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༢ དང་ ༣ ། ༤ པ་བཅས་གོ་སྒྲིག་རིམ་པར་ཞུས་ཏེ་མི་གྲངས་ ༦༩ ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་དེབ་འགོད་ལག་ཁྱེར་སྤྲད་ཡོད་པ་དང་། ད་ལྟའི་ཆར་རྒྱ་བལ་ཁུལ་བོད་མིའི་སྤྱི་ཚོགས་ཁྲོད་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་གྲངས་ ༧༧ ཡོད་མུས་ཐོག ད་ཐེངས་ཀྱི་སྦྱོང་བརྡར་འདི་བརྒྱུད་ཁྲིམས་རྩོད་པའི་གྲངས་འབོར་མང་དུ་འགྲོ་རྒྱུའི་རེ་བ་འཛིན་གྱི་ཡོད་ཅེས་དང་། དེ་བཞིན་ཁྲིམས་རྩོད་པའི་གལ་ཆེའི་རང་བཞིན་དང་འགན་ཁུར་ཞུ་སྒོ། ཐེངས་འདིའི་སྦྱོང་བརྡར་གྱི་གོ་རིམ་དང་། སློབ་ཚན་བཀོད་སྒྲིག་གནང་སྟངས། ཁྲིམས་ལུགས་དབང་འཛིན་གྱི་ལས་འགན་ཁྱེར་སྟངས་སོགས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་འདིར་ཁྲིམས་ལུགས་སྦྱོང་བརྡར་དུ་ཕེབས་མཁན་ཡོངས་ལ་བཀའ་ཤག་སྐབས་བཅུ་བཞི་པས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། གཞི་རྩའི་ང་ཚོ་བོད་པའི་ཁྲིམས་ལུགས་སྐོར་ལ་ཁྲིམས་ཞིབ་པ་ཆེ་བས་གསུངས་ཟིན་སྟབས། ངས་ཤོད་དགོས་དོན་མེད། འོན་ཀྱང་འཛམ་གླིང་གི་ལོ་རྒྱུས་ལ་གཟིགས་ཏེ་ཁྲིམས་ཆགས་སྟངས་སྐོར་སྙིང་བསྡུས་ཤིག་ཞུས་ན་སྙམ་བྱུང་། སྤྱིར་ན་ཁྲིམས་ལ་དབྱེ་ན་ཆད་ཁྲིམས་དང་། ཉེས་ཁྲིམས་གཉིས་ཡོད་པ་ལས། ཉེས་ཁྲིམས་ལ་བཙོན་འཇུག་གི་ཉེས་པ་ཕོག་གི་ཡོད། ཆད་ཁྲིམས་དེ་དངུལ་སོགས་ཆད་པ་རྒྱག་རྒྱུ་ཆགས་ཡོད། ང་ཚོའི་ཁྲིམས་ཞིབ་ཁང་གིས་ཉེས་ཁྲིམས་ཀྱི་ཐོག་ནས་ཁྲིམས་ཐག་གཅོད་གནང་གི་མེད། ཉེས་ཁྲིམས་དེ་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བ་ཡོད་པའི་འགྲེལ་བཤད་ཡོང་གི་ཡོད། ཆད་ཁྲིམས་སུ་དོ་བདག་གཉིས་ཀ་མོས་མཐུན་བྱུང་ན། ཁྲིམས་ཐག་གཅོད་ཆོག་གི་ཡོད། ང་ཚོ་བོད་པའི་ལོ་རྒྱུས་ལ་བལྟས་ནའང་ཐོག་མར་ཐོག་མར་ཉེས་ཁྲིམས་ནས་འགོ་ཚུགས་ཡོད། དེ་ནི་སྤྱིར་བཏང་ཡུལ་ལུང་མང་ཆེ་བའི་འགྲོ་སྟངས་རེད་འདུག དེ་ནས་རིམ་པས་མི་མང་གི་ཐོབ་ཐང་ཟེར་བ་སླེབས་ཏེ་རྩ་ཁྲིམས་འགོ་ཚུགས་ཡོད། དཔལ་འབྱོར་དང་འབྲེལ་བ་ཡོད་པར་ཆད་ཁྲིམས་ཀྱི་དབྱེ་བ་ཆགས་ཏེ་ཆད་ཁྲིམས་འགོ་ཚུགས་ཡོད། གང་ཙམ་ཞིག་ནས་མི་མང་གོ་རྟོགས་དང་ཐོབ་ཐང་ཡར་རྒྱས་ཕྱིན་ཏེ་རྩ་ཁྲིམས་ཞེས་པ་དར་ཡོད། རྒྱལ་སྤྱིའི་ཁྲིམས་དེ་དག་དཔལ་འབྱོར་དང་ཚོང་གི་འབྲེལ་བ་ཡིན་ན་གང་ཙམ་གྱི་ནུས་པ་ཐོན་གྱི་ཡོད་ཀྱང་།
རྒྱལ་སྤྱིའི་ཁྲིམས་ཀྱིས་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ད་ལྟ་ནུས་པ་ཐོན་གྱི་མེད། བོད་པའི་ལོ་རྒྱུས་ནང་བོད་པའི་ཁྲིམས་དང་ཁྲིམས་ཁང་དེ་ཆབ་སྲིད་ཐོག་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། བོད་དེ་རྒྱ་ནག་གི་བདག་དབང་འོག་ཏུ་མེད་པའི་ཁུངས་སྐྱེལ་དགོས་ན་ང་ཚོར་དངུལ་དང་ཁྲལ་གྱི་ལམ་ལུགས་ཐ་དད་མ་ཟད། དེ་བཞིན་བོད་པའི་ཞིང་འབྲོག་གི་ཁ་མཆུ་རིམ་པས་གཏུགས་ཏེ་ཚད་མཐོའི་ཁྲིམས་ཐག་ལྷ་སར་ངོས་འཛིན་པ་དེས་ཆབ་སྲིད་ཐོག་ནས་གལ་ཆེན་པོ་ཆགས་ཡོད། ང་ཚོ་བོད་པའི་ལོ་རྒྱུས་ལ་ལྟ་དུས་ཉེས་ཁྲིམས་གང་ཙམ་ཡོད། ཆད་ཁྲིམས་དེ་ས་གནས་སུ་མི་མང་ཆེ་བས་ཁྲིམས་གཏུག་ལ་བླ་ཆེན་དཔོན་ཆེན་གྱི་བར་འདུམ་ལམ་ལུགས་ཀྱི་ཐག་གཅོད་པ་ལས། ཁྲིམས་ལ་འགྲོ་རྒྱུ་དེ་བདེན་པ་རྩོད་ཀྱི་ཡོད་མིན་ལ་མ་བལྟོས་པའི་སྤྱི་ཚོགས་ནང་སྲོལ་རྒྱུན་རྙོག་གྲ་ལྟ་བུར་ངོས་འཛིན་ཐོག་ནས་ཞེ་དྲག་ཡོང་གི་མེད། ང་ཚོའི་སྤྱི་ཚོགས་ནང་ཁ་མཆུ་ཞེ་དྲག་མེད་པ་དེ་ཕྱོགས་གཅིག་ནས་རྙོག་གྲ་དང་། དྲང་པོ། རང་དབང་ཡོད་པ་བརྩི་བ་ཡིན་ཀྱང་། དངོས་ཡོད་གནས་སྟངས་ལ་གང་འདྲ་ཆགས་ཡོད་དམ་ཞེ་ན། ང་ཚོའི་སྤྱི་ཚོགས་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ནས་སྐྱོ་པོ་རྣམས་ལ་ཁྲིམས་ལུགས་རྩོད་རྒྱུའི་གོ་རྟོགས་མེད་པ་སོགས་ལས་གྱོང་རག་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
ད་ཐེངས་ཉིན་གྲངས་བཅུའི་ཟབ་སྦྱོང་འདིར་ས་གནས་ཁྲིམས་ཞིབ་པ་གཉིས་དང་། གཞན་ས་གནས་ཁག་ལྔ་དང་དབུས་ལས་ཁུངས་ཁག་བཅས་ནས་མི་གྲངས་ ༢༦ མཉམ་ཞུགས་ཀྱིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་ས་གནས་ཁྲིམས་ཞིབ་པ་བཅས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༡ ནས་ ༨༨ བར་གཙོས་པའི་རྩ་འཛིན་ཁྲིམས་ཡིག་ཁག་གསུམ་དང་། བཅའ་ཁྲིམས། ཁྲིམས་རྩོད་པའི་བླང་དོར་ལམ་སྟོན། ཁ་མཆུའི་ཞུ་རྩ་དང་། ཞུ་ལན་འབྲི་སྟངས། ཁ་མཆུ་ཞུ་གཏུག་སྐོར་སོགས་སློབ་ཁྲིད་ཀྱིས་ཉིན་མཐའ་མར་བོད་མིང་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་རྩོད་སྦྱོང་བརྡར་གྱི་ལག་འཁྱེར་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཁྲིམས་རྩོད་པའི་དེབ་འགོད་ལག་ཁྱེར་གནང་རྒྱུ་ཡིན་འདུག་པ་བཅས། །