༢༠༡༢ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༢ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་པདྨ་འབྱུང་གནས་ལགས་དང་དྲུང་ཆེ་ཀརྨ་ཡེ་ཤེས་ལགས། ཚོགས་མི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། རྒྱ་རིགས་ཐར་ལགས། འཇམ་དབྱངས་བཟོད་པ་ལགས་བཅས་ནས་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཕྱི་ནང་གི་གསར་འགོད་པ་གྲངས་ ༢༠ ཙམ་ལ་ཕྱི་ཟླ་ ༧ ཚེས་ ༦ སྟེ་སྐུའི་འཁྲུངས་སྐར་ཉིན་ནས་འགོ་འཛུགས་ཀྱིས་རྒྱ་གར་དང་རྒྱལ་སྤྱིའི་སྟེང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། མཐར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནིའུ་ཡོཀ་རྒྱལ་ཚོགས་ལས་ཁུངས་དང་སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཁག་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་ཞུ་སྙན་ཕུལ་ཏེ་མཇུག་བསྡོམས་ཞུ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་ཡོད།
ཐོག་མར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་གི་དྲུང་ཆེ་ཀརྨ་ཡེ་ཤེས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་དབུ་འཛུགས་ཀྱི་ངོ་སྤྲོད་དང་སྦྲགས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་བོད་སྐད་དང་དྲུང་ཆེ་ཀརྨ་ཡེ་ཤེས་ལགས་ཀྱིས་དབྱིན་སྐད་ཐོག་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་གྲུབ་མཚམས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
དེ་ཡང་བོད་ཡིག་ཐོག་སྤེལ་བའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གསར་འགོད་གསལ་བསྒྲགས་དེ་ལོགས་སུ་འདོན་སྤེལ་ཞུས་ཡོད། །