༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པའི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན་གསུང་བཤད་གནང་དོན། དེ་རིང་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་མོ་རེད། དེར་བརྟེན་ཐོག་མར་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གཙོ་ཆེ་ཤོས་ཞུ་རྒྱུ་དེ་ལོ་གཅིག་ནང་རྣམ་པ་ཚོས་ཕྱག་ལས་ཧུར་ཐག་གནང་བ་མ་ཟད། བཀའ་ཤག་གི་ལས་དོན་གང་ཅིའི་ཐད་ཕྱར་གྲུ་མཉམ་འདེགས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་སྦྲགས་བསྔགས་བརྗོད་ཞུ་རྒྱུ་ཡིན། སྔ་ལོར་འདིར་ལས་བྱེད་རྣམ་པ་ཚང་འཛོམས་སྐབས་སུའང་ཞུ་རྒྱུ་བྱུང། སྲི་ཞུ་བ་རྣམ་པ་ཚོས་ཕྱག་ལས་གནང་རྒྱུ་འདི་བཀའ་ཤག་ཐོག་ནས་རྩ་ཆེན་པོ་ཞིག་རྩི་བཞིན་ཡོད། གང་ཡིན་བརྗོད་ན་རྣམ་པ་ཚོར་འཚོ་བ་འདི་ལས་བཟང་བ་ཞིག་བསྐྱལ་རྒྱུའི་གདམ་ཁ་གཞན་ཞིག་ཡོད་བཞིན་དུ་གདམ་ཁ་དེ་བློས་བཏང་ནས་སྤྱི་པ་དང་རྩ་དོན་ཆེད་དུ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་བསམ་པའི་ཐོག་ནས་སྲི་ཞུ་བའི་ནང་འཛུལ་ཞུགས་གནང་བ་དང་། མི་མང་ལ་ཞབས་ཞུ་བསྒྲུབ་རྒྱུ་ལས་སླ་པོ་ཞིག་མིན།
དེར་བརྟེན་དཀའ་ངལ་ཡོད་བཞིན་དུ་རྣམ་པ་ཚོས་ད་བར་ཧུར་ཐག་འབད་ཐག་ཐོག་ནས་ཕྱག་ལས་གནང་ཡོད། དངོས་གནས་བསྔགས་བརྗོད་ཞུ་རྒྱུ་ཡིན། བཀའ་ཤག་ནང་མི་གསར་པ་བསླེབས་ཡོད་ཀྱང་སྤྱིའི་སྒྲིག་འཛུགས་འདི་སྔར་བཞིན་ཧྲ་ཏག་ཏག་གནས་ཡོད་པ་མ་ཟད། འབྱུང་འགྱུར་ཡང་དེ་མུར་གནས་རྒྱུ་ཞིག་རེད། དེ་ལྟར་གནས་དགོས་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་འཆར་སྣང་དང་དགོངས་བཞེད་མཛད་ཕྱོགས་གཞིར་བཟུང་ང་ཚོས་འབད་བརྩོན་བྱས་པའི་ཐོག་ནས་བྱུང་བ་ཞིག་ཡིན་པ་དང། ཕྱོགས་མཚུངས་མི་རབས་རྒན་པ་ཚོས་དཀའ་ལས་ཧ་ཅང་བརྒྱབ་པ་ལ་བརྟེན་ནས་སྒྲིག་འཛུགས་འདི་ཧྲ་ཏག་ཏག་ཡོད། དེ་བཞིན་གཞིས་ཆགས་ཁག་གི་བརྒྱ་དཔོན་དང་བཅུ་དཔོན། དེ་བཞིན་སློབ་དགེ་སོགས་ཕྱག་ལས་གནང་མཁན་སྤྱི་ཡོངས་ཀྱི་ལྷག་བསམ་ལ་བརྟེན་ནས་བྱུང་བ་ཞིག་རེད། གཙོ་ཆེ་ཤོས་སྲི་ཞུ་བ་ཚོས་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། སྐབས་བཅུ་བཞི་པའི་བཀའ་ཤག་གི་མང་གཙོ་དང་འཚེ་མེད་ཞི་བར་གཞི་བཅོལ་བའི་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བཅས་ལྟ་གྲུབ་གསུམ་ཐོག་ངོ་སྤྲོད་གནང་དོན། མང་གཙོ་དང་འཚེ་མེད་ཞི་བ་དེ་ང་ཚོའི་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན་ཞེས་ཞུ་བཞིན་ཡོད། དེ་བཞིན་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བཅས་བཀའ་ཤག་གི་ལྟ་གྲུབ་གསུམ་ཐོག་གསལ་བཤད་ཞུ་བཞིན་ཡོད། ལྟ་གྲུབ་དེ་དག་ཐོག་ང་ཚོས་གསལ་བཤད་ཡང་ཡང་ཞུས་དང་ཞུ་མུས་ཡིན།
མང་གཙོ་དང་འཚེ་མེད་ཞི་བའི་ལམ་དེ་འགྱུར་བ་མེད་པའི་ལངས་ཕྱོགས་གལ་ཆེན་པོ་ཡིན་དགོས་དོན་ནི། ༸གོང་ས་མཆོག་གིས་འཆར་སྣང་གཞིར་བཟུང་ང་ཚོས་ལོ་ལྔ་བཅུ་ང་གྲངས་རིང་མང་གཙོའི་སྒྲིག་འཛུགས་ཡར་རྒྱས་ཕྱིན་ནས་དེང་སྐབས་ཆ་མཚོན་ན། འཛམ་གླིང་ཕྱི་ནང་གང་དུའང་ངོམས་སུ་ཆོག་པ་ཆགས་ཡོད་པ་མ་ཟད། རྩ་དོན་རྩོད་མཁན་གྱི་སྐྱབས་བཅོལ་སྒྲིག་འཛུགས་ནང་ང་ཚོའི་སྒྲིག་འཛུགས་འདི་མང་གཙོའི་ལམ་དང་མཐུན་པ་ཞིག་ཡིན་ཞེས་བརྗོད་ཆོག་པ་ཆགས་ཡོད། སྔ་ལོར་༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་མཛད་རྗེས། ང་ཚོ་མང་པོ་ཞིག་ལ་གང་འདྲ་ཆགས་ཡོང་ངམ་་བསམ་པའི་སེམས་འཚབ་བྱུང་ཡོད། འོན་ཀྱང་ལོ་གཅིག་ནང་ཕྱིར་མིག་ལྟ་སྐབས་བོད་མིའི་སྤྱི་ཚོགས་གང་དུ་བཅར་ཡང་ལྷིང་འཇགས་པོ་ཆགས་འདུག དེ་ལྟར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་༸གོང་ས་མཆོག་དང་ཁོང་གི་༸ཞབས་འོག་ཏུ་སྲི་ཞུའི་ལས་བྱེད་སྤྱི་དང། ཁྱད་པར་མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབ་པར་བརྟེན་ནས་བྱུང་བ་ཡིན། གཉིས་ནས་ང་ཚོར་རང་དབང་ལ་གཞི་བཅོལ་བའི་མང་གཙོའི་སྒྲིག་འཛུགས་ཀྱི་འགྲོ་ལུགས་ཤིག་ཡོད་པར་བརྟེན་ནས་བྱུང་བ་ཞིག་རེད། མང་གཙོ་བརྗོད་པ་དེ་སྒྲིག་འཛུགས་ཡོད་པ་ཙམ་གྱི་མང་གཙོ་ཆགས་རྒྱུ་མེད། འགྲོ་སྟངས་འགྲོ་ལུགས་ཐོག་ནས་མང་གཙོ་དགོས། དཔེར་ན། ཁ་སེང་ཨོ་སི་ཊོ་ལི་ཡར་བཅར་བའི་སྐབས་ལ་སི་ཌི་མོར་ནིན་གསར་ཤོག་ (Sydney Morning Herald) ནང་རྩོམ་ཞིག་ཐོན་ཡོད། དེའི་ནང་བཀའ་ཁྲི་བློ་བཟང་སེང་གེ་ལ་འོས་ཤོག་ཐོབ་པའི་གྲངས་ཚད་དེ་ཁྲི་གསུམ་མན་ཙམ་རེད། མི་མང་ནས་འོས་འཕེན་པའི་གྲངས་འབོར་ཁྲི་ལྔ་ལྷག་ཙམ་རེད། དེར་བརྟེན་འོས་གྲངས་དེ་ཉུང་ཤས་ཤིག་ཡིན་ནའང་རྒྱ་ནག་འགོ་ཁྲིད་སུ་འདྲ་ཞིག་དང་བསྡུར་ན་ཁོང་ཚོ་ལས་མང་བ་ཞིག་རེད།
དེར་བརྟེན་ཁོང་ནི་མང་གཙོའི་ལམ་ལུགས་དང་མཐུན་པའི་མི་ཞིག་ཡིན་པར་བརྟེན་ཁོང་ལ་ཆེ་མཐོང་དང་རྒྱབ་སྐྱོར་བྱེད་དགོས། ཞེས་འཁོད་ཡོད། ཁྲིམས་ཡོད་པ་ཙམ་གྱི་མང་གཙོ་ཆགས་རྒྱུ་མེད། རྒྱ་ནག་ནང་དུའང་ཁྲིམས་ཡོད། མི་མང་གི་ཁྲིམས་ཟེར་བཞིན་ཡོད། སྒྲིག་འཛུགས་ཀྱང་ཡོད། སྒྲིག་འཛུགས་ཀ་བ་གསུམ་མ་ཚད་ཀ་བ་བཞི་ཡོད། འོན་ཀྱང་འགྲོ་སྟངས་འགྲོ་ལུགས་ཐོག་ནས་མང་གཙོ་མིན། གང་ཡིན་བརྗོད་རང་མོས་ཐོག་ནས་འོས་ཤོག་བླུགས་རྒྱུ་དང་ལང་རྒྱུའི་ཐོབ་ཐང་མེད། ང་ཚོའི་སྒྲིག་འཛུགས་ནང་རྒྱལ་ཁབ་བཞི་བཅུ་ལྷག་ཙམ་ནང་བོད་མི་ཁ་ཐོར་དུ་གནས་ཡོད་ཀྱང། ལོ་ཚད་ལོན་པ་དང་ཆ་རྐྱེན་ཚང་བའི་གང་ཟག་སུ་འདྲ་ཞིག་ཡིན་རུང་འོས་ཤོག་བླུགས་རྒྱུ་དང་ལང་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། དེར་བརྟེན་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེས་ལྟར་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་ཐུགས་ཡིད་ཆེས་བློས་འགེལ་མཛད་དེ་སྐུ་དབང་སྩལ་བ་ཞིག་ཡིན་སྟབས། རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཧ་ཆང་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན་རྩ་ཆེན་པོ་ཞིག་ཀྱང་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ཡང་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཅིག་འཁོར་བའི་ཉིན་མོ་དང་སྟབས་བསྟུན་སྲི་ཞུའི་ལས་བྱེད་ཡོངས་ལ་བཀའ་ཤག་གིས་གསོལ་སྟོན་ཞིག་ཀྱང་ཕུལ་ཡོད་པ་བཅས།།