༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཤེས་རིག་དང་འབྲེལ་བའི་ལོ་གཅིག་གི་ལས་དོན་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅུ་བཞི་པའི་བཀའ་ཤག་གིས་དམ་འབུལ་ཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བ་དང་སྟབས་བསྟུན་བཀའ་ཁྲི་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ལོ་འཁོར་གཅིག་རིང་ཤེས་རིག་དང་འབྲེལ་བའི་ཕྱག་ལས་གནང་ཕྱོགས་ཐོག་གསུང་བཤད་གནང་དོན། ངོས་རང་ཤེས་རིག་ལས་ཁུངས་ཀྱི་འགན་ཡོད་པའི་ཆ་ནས་ཤེས་རིག་ཐོག་ནས་ཕྲན་བུ་ཞབས་ཕྱི་བསྒྲུབས་ཡོད་པ་རྣམས་སྙན་སེང་ཞུས་ན་བསམ་བྱུང། གཙོ་བོ་བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་ཤེས་ཡོན་གལ་ཆེ་ཤོས་ཡིན་ཞེས་བརྗོད་ཡོད་པ་ཡོངས་གྲགས་སུ་ཤེས་ཀྱི་ཡོད། དེའི་ཆེད་ཤེས་ཡོན་ཡར་རྒྱས་གཏོང་ཆེད་སློབ་གྲྭ་དམའ་རིམ། འབྲིང་རིམ། མཐོ་རིམ་བཅས་ལ་ང་ཚོས་བསྐྱར་ཞིབ་བྱས་དང་བྱེད་བཞིན་ཡོད། དེ་བཞིན་ཡར་རྒྱས་གཏོང་ཆེད་ལས་གཞི་ག་རེ་སྤེལ་དགོས་མིན་ཐོག་ང་ཚོས་གྲོས་བསྡུར་བྱས་ཏེ་འཆར་གཞི་འདིང་བཞིན་ཡོད། དེའི་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་དགོས་ཀྱི་ཡོད་སྟབས། ཨ་རིའི་གཞུང་ལ་རེ་སྐུལ་ཞུས་པ་ལྟར་རྒྱབ་སྐྱོར་ཕྲན་བུ་ཐོབ་ཡོད། དེར་བརྟེན་ལོ་རྗེས་མར་རིམ་བཞིན་ཡར་རྒྱས་གཏོང་རྒྱུའི་ལས་གཞིར་དངོས་སུ་ཕན་ཐོགས་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད།
ཤེས་ཡོན་ཞེས་པ་དེ་ལག་པའི་མཛུབ་མོ་ལྔ་ལྟ་ཡིན་པས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་ཀྱི་ཡོད། དཔེར་ན། ༡༽སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་བསྐྲུན་རྒྱུ་དེ་རེད། མཐུན་རྐྱེན་གནང་རྗེས་སློབ་གྲྭའི་འགན་འཛིན་ཚོས་མཐུན་རྐྱེན་གང་གནང་བ་དེ་བེད་སྤྱོད་ཡག་པོ་གཏོང་དགོས་ཀྱི་ཡོད། ༢༽སྒྲིག་འཛུགས་ཡིན་ཡང་ཡག་པོ་ཞིག་གནས་དགོས་ཀྱི་ཡོད། ༣༽དགེ་རྒན་གྱིས་དགོས་མཁོ་གཞི་བཟུང་སློབ་ཕྲུག་ཚོར་སློབ་ཁྲིད་ཡག་པོ་གནང་དགོས་ཀྱི་ཡོད། ༤༽ སློབ་ཕྲུག་ཚོས་ཀྱང་སློབ་སྦྱོང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༥༽ཕ་མ་དང་སྤུན་མཆེད་སོགས་སྤྱི་ཚོགས་སྤྱི་ཡོངས་ནས་ཁོར་ཡུག་བསྐྲུན་པ་དང་བགྲོ་གླེང་། དེ་བཞིན་འགན་ཁྱེར་བའི་ཐོག་ནས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱས་ན་ཏན་ཏན་ཤེས་ཡོན་ཡར་རྒྱས་འགྲོ་གི་རེད་མ་གཏོགས་སློབ་སྦྱོང་རང་བཞིན་གྱིས་ཡར་རྒྱས་འགྲོ་ཐབས་མེད། དེར་བརྟེན་གནད་དོན་དེ་དག་ཚང་མས་ཐུགས་ལ་བཅངས་ཏེ་འབད་བརྩོན་གནང་གི་ཡོད། ད་དུང་ཡང་མཐུད་ནས་འབད་བརྩོན་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། དེ་ནས་དམའ་རིམ་དང་འབྲིང་རིམ་བར་བོད་ཡིག་དང་བོད་སྐད་ཡག་པོ་མི་འདུག དེའི་ནང་ནས་ཚན་རིག་དང་ཨང་རྩིས་སྐྱོ་པོ་རེད་འདུག དེ་བཞིན་དབྱིན་ཇིའི་སྐད་སྐྱོ་པོ་རེད་འདུག དེ་དག་སྤྱི་ཡོངས་ཐོག་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་ང་ཚོ་བགྲོ་གླེང་ལྷུག་པོ་བྱས་དང་བྱེད་བཞིན་ཡོད། ཞིབ་འཇུག་གང་ཙམ་བྱས་རྗེས་རིམ་བཞིན་འཆར་གཞི་འཐོན་ཡོང་གི་རེད། ད་ལྟ་བར་དུ་སློབ་གྲྭའི་སློབ་སྤྱི་ཁེ་གཙང་དང་། སློབ་གྲྭའི་འགན་འཛིན་ཁེ་གཙང་གི་ཚོགས་འདུ་རིམ་བཞིན་ཚོགས་ཡོད།
དེ་བཞིན་ཕྱི་ནང་གི་མཁས་པ་གདན་ཞུ་བྱས་པ་ཡང་བྱུང་ཡོད། དེ་དག་ཚང་མའི་དགོངས་ཚུལ་བྱུང་བ་རྣམས་སྤུངས་པའི་ཐོག་ནས་ག་རེ་བྱེད་དགོས་མིན་རིམ་བཞིན་གསལ་ཡོང་གི་རེད། མང་པོ་ཞིག་གིས་དགེ་རྒན་ཡག་པོ་དགོས་ཀྱི་འདུག་གསུངས་ཡོད། དེར་བརྟེན་བོད་པའི་སློབ་གྲྭའི་ཆེད་དུ་དགེ་རྒན་འོས་སྦྱོང་གི་སློབ་གྲྭ་ཞིག་འབུམ་ཐར་དུ་འཛུགས་རྒྱུ་གཏན་འཁེལ་བྱུང་ཡོད། དེའི་ནང་ང་ཚོས་ཞབས་སྟེགས་ ༥༠ གསལ་བསྒྲགས་བྱས་ཡོད་ཀྱང་སྙན་ཞུ་འབུལ་མཁན་ ༡༥༠ ལྷག་བྱུང་འདུག་པས་དོ་སྣང་ཡོད་པ་ཞིག་སྟོན་གྱི་ཡོད། དེར་ལོ་བཞིའི་རིང་སྦྱོང་བརྡར་ཆ་ཚང་ཞིག་གནང་ཐུབ་པ་ཡིན་ན། དེ་ནས་དགེ་རྒན་ཐོན་མཁན་དེ་དག་ང་ཚོར་དགོས་པའི་དགེ་རྒན་འཐོན་རྒྱུའི་རེ་བ་ཡོད། དེ་བཞིན་ཝ་ར་ཎ་སི་མཐོ་སློབ་ནས་དེའི་ཐོག་རོགས་རམ་ཧ་ཅང་ཡག་པོ་གནང་བྱུང། ཕ་གི་ནས་དགེ་རྒན་འཐོན་ཆེད་ང་ཚོས་ད་ལྟ་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། སྤྱི་ཡོངས་ཀྱི་སློབ་ཡོན་གཙོས་མཐུན་རྐྱེན་མང་དག་ཅིག་ཡར་རྒྱས་གཏོང་དགོས་པ་དེ་འདྲ་འདུག དེ་དག་རིམ་བཞིན་ཡོང་ཆེད་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་འབད་བརྩོན་བྱས་དང་བྱེད་བཞིན་ཡིན། སྲི་ཞུ་བ་སྤྱི་ཡོངས་ནས་ལས་ཁུངས་སོ་སོར་ལྷག་བསམ་རྣམ་དག་གིས་ཐོག་ནས་ཞབས་ཕྱི་སྒྲུབ་བཞིན་ཡོད་པ་དེ་མི་མང་ནས་མཁྱེན་དགོས་པ་ཙམ་མ་ཟད། ངོས་ལེན་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཕྱི་ཕྱོགས་སུ་ཕྱག་ལས་གང་ཞིག་གནང་ཡང་བོད་མིའི་སྒྲིག་འཛུགས་ལ་ཡོད་པའི་སྲི་ཞུ་བ་ལས་ཐོབ་ཐང་དང་ཕོགས་གང་ཅིའི་མཐོ་བ་ཡོད་བཞིན་དུ་ཆེད་དུ་མངགས་ནས་བདམས་ཏེ་སྤྱི་ཚོགས་ཞབས་ཕྱི་ཞུ་གི་ཡིན་ཞེས་སྲི་ཞུ་བ་མང་དག་བོད་མིའི་སྒྲིག་འཛུགས་ནང་གནས་ཡོད་ལ་ཤེས་རིག་ལས་ཁུངས་ལ་ཡང་དེ་ལྟར་ཡོད། དེ་རྣམས་མི་མང་རྣམས་ཀྱིས་མཁྱེན་པའི་ཐོག་ཐུགས་ལ་ཉར་དགོས་པ་ཞིག་དང་། དུས་རྒྱུན་དུ་ནས་འབྲེལ་བ་གནང་སྐབས་དེ་དག་མཁྱེན་པའི་ཐོག་ནས་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ང་རང་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ཡིན་པའི་ཆ་ནས་ཤེས་རིག་ལས་ཁུངས་གཙོས་ལས་ཁུངས་སྤྱི་ཡོངས་ནས་གང་ཐུབ་ཅི་ཐུབ་ཞུ་བཞིན་ཡོད། དེར་བརྟེན་རིམ་བཞིན་ཏན་ཏན་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད་པ་བཅས། །