༢༠༡༢ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།
དེ་བཞིན་ཕྱི་ཚེས་ ༧ ཉིན་ས་གནས་བོད་རིགས་ཚོགས་པས་གོ་སྒྲིག་འོག་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་ཆེད་ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཡི་ཤུའི་མཆོད་ཁང་གྲགས་ཆེན་ཝེ་སི་མིན་སི་ཊར་ཀེ་ཐེ་ཌལ་ Westminster Cathedral Hall ཚོགས་ཁང་དུ་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཡོད། མཛད་སྒོ་དབུ་འཛུགས་སྐབས་སྐུ་མགྲོན་རྣམས་ལ་བོད་ཨིན་གཉིས་ནང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་འགྲེམས་སྤེལ་གནང་ཡོད།
སྐབས་དེར་༸རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་རྗེས་སྐུ་ཚབ་དོན་གཅོད་ལགས་ཀྱིས་མཛད་སྒོར་གསུང་བཤད་གནང་བ་དང་སྦྲགས། བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་ཡོད། དེ་བཞིན་ས་གནས་བོད་རིགས་ཚོགས་པའི་འཐུས་མི་སྐུ་ཞབས་བསོད་ནམས་འབྲུག་གྲགས་ལགས་ཀྱིས་གསུང་བཤད་གནང་ཡོད། གསུང་བཤད་དེ་དག་གི་ནང་དོན་གཙོ་བོ་ཁག་གཅིག་ནི་འབྱུང་འགྱུར་ཕྱི་ཟླ་ ༨ ཚེས་ ༨ ཉིན་བོད་དོན་ཆེད་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེའི་ཁྲོམ་སྐོར་ (Global Tibet solidarity vigil) གྱི་ལས་འགུལ་གོ་སྒྲིག་ཞུ་རྒྱུའི་སྐོར་དང། རྡ་སར་འདི་ལོའི་ཕྱི་ཟླ་ ༩ ནང་ཉིན་བཞིའི་རིང་ཚུགས་རྒྱུའི་བོད་གཞུང་མང་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་སྐོར།
དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༤ ཉིན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཨིན་ཡུལ་དུ་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུའི་ལས་རིམ་སོགས་ངོ་སྤྲོད་གནང་ཡོད། གསུང་བཤད་གྲུབ་བསྟུན་གཞས་སྣ་འཁྲབ་སྟོན་ཞུས་ཡོད་པ་མ་ཟད། བོད་པའི་སློབ་མ་ཁག་གཅིག་གིས་མང་ཚོགས་གསུང་བཤད་འགྲན་བསྡུར་བྱས་ཡོད། མཛད་སྒོའི་མཐའ་མར་བསང་གསོལ་བཏང་བ་དང་སྒོར་གཞས་འཁྲབ་པ། དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་གྲོལ་ཡོད་པ་བཅས།།