༄༅། །ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༡༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བཏོན་པའི་ནང་བོད་ནང་ཆོས་དད་རང་དབང་གི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་འཁོད་དོན། བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་ཚོའི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་བོད་པའི་དགོན་སྡེ་དང་བཙུན་དགོན་ཁག་གི་ནང་ཆོས་དད་ལ་དམ་བསྒྲགས་སྔར་ལས་ཆེ་རུ་བཏང་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོས་ནང་ཆོས་ཉམས་ལེན་བྱ་རྒྱུའི་ཆོས་དད་རང་དབང་ཐོག་ཐེ་བྱུས་བྱས་ཏེ་བོད་མི་ཚོར་དཀའ་ངལ་ཧ་ཅང་བཟོས་པར་བརྟེན། རང་ལུས་མེར་སྲེག་བསྟུད་མར་བཏང་བའི་གནས་ཚུལ་འབྱུང་བཞིན་ཡོད། ཅེས་སོགས་འཁོད་ཡོད།
གཞན་ཡང་སྙན་ཐོའི་ནང་མུ་མཐུད་འཁོད་དོན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་དགོན་སྡེ་ཁག་གི་ནང་དགེ་འདུན་པ་ཚོའི་ཉིན་རེའི་ཆོས་ཕྱོགས་ཀྱི་ཉམས་ལེན་ཙམ་མ་ཟད། དགོན་པའི་འཛིན་སྐྱོང་སོགས་གང་ཅིའི་ཐོག་ཐེ་བྱུས་ཀྱིས་དམ་བསྒྲགས་སྟངས་འཛིན་བྱེད་བཞིན་ཡོད། ལྷག་པར་རང་ལུས་མེར་སྲེག་གཏོང་མཁན་མང་ཤོས་བྱུང་སའི་ཀིརྟི་དགོན་པར་ཧ་ཅང་དམ་བསྒྲགས་བྱེད་བཞིན་ཡོད། ཅེས་སོགས་འཁོད་ཡོད།
ཕྱོགས་མཚུངས་རྒྱ་ནག་གཞུང་གིས་གསུམ་བཅུའི་དུས་དྲན་དང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སོགས་དུས་ཚིགས་གལ་ཆེ་བའི་སྐབས་སོ་སོར་དམ་བསྒྲགས་ཧ་ཅང་ཇེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྐོར་འཁོད་ཡོད། སྙན་ཐོའི་ནང་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་མི་ཚོར་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་རང་དབང་སྤྲོད་དགོས་པའི་རེ་འདུན་ཡང་ཡང་ཞུ་རྒྱུ་ཡིན་ཞེས་དང། རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་གང་མགྱོགས་གྲོས་མོལ་གནང་དགོས་པའི་རེ་འདུན་ཡང་བཏོན་ཡོད་པ་བཅས།།
ཨ་རིའི་གཞུང་གིས་བོད་ནང་ཆོས་དད་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་པའི་ལོ་འཁོར་སྙན་ཐོ་བཏོན་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)