༢༠༡༢ ཟླ་ ༧ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །གཟའ་ཟླ་བའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་ལམ་ཕྱི་ཚེས་ ༢༧ ཉིན་སྒ་སྐྱེ་རྒུ་མདོར་བོད་རིགས་བུད་མེད་བདེ་སྐྱིད་ཆོས་འཛོམས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཐད་གསར་འགོད་བསྒྲགས་གཏམ་སྤེལ་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་རྒྱབ་ཆུ་ཚོད་ ༢ པ་ཡས་མས་སུ་སྒ་སྐྱེ་རྒུ་མདོ་དོན་གྲུབ་གླིང་དགོན་པའི་གཤམ་འོག་གི་སྐྱེ་རྒུ་གྲོང་ཁྱེར་ཁྲོམ་གཞུང་དུ་ཁྱིམ་ཚང་ ༧༠ ཙམ་གྱིས་རྒྱ་གཞུང་གིས་བོད་པའི་ས་ཁང་རྒྱུ་ནོར་བཙན་འཕྲོག་བྱེད་བཞིན་པར། ས་གནས་བོད་མི་ཚོས་རང་ས་རང་དབང་དང་། རང་རྒྱུ་རང་དབང་གི་སྐད་འབོད་ཤུགས་ཆེན་བྱེད་བཞིན་པའི་སྐབས་སུ། ཕ་ཚེ་འདས་པདྨ་དོན་གྲུབ་ཀྱི་བུ་མོ་རང་ལོ་ ༤༠ ཡས་མས་ལ་སོན་པ་བདེ་སྐྱིད་ཆོས་འཛོམ་ལགས་ཀྱིས་རྒྱ་གཞུང་གིས་བོད་པའི་ས་ཁང་བཙན་འཕྲོག་གིས་བོད་མི་ཚོར་གཉའ་གནོན་བྱེད་བཞིན་པའི་གནས་ཚུལ་ལ་ངོ་རྒོལ་རང་ལུས་ལ་མེར་སྲེག་བཏང་ཡོད་ཀྱང་། དེ་མ་ཐག་རྒྱ་མིའི་ཉེན་རྟོག་དམག་མིས་མེ་བསད་དེ་ཟི་ལིང་སྨན་ཁང་ཞིག་ཏུ་བཙན་འཁྱེར་བྱས་འདུག
སྐབས་དེར་སྤུན་མཆེད་བཀྲ་ཤིས་གཡང་འཛོམས་ལགས་དང་། ཨ་ཞང་བཀྲ་ཤིས་དོན་གྲུབ་ལགས་གཉིས་ཀྱང་མདུན་དུ་མཆོངས་ནས་ངོ་རྒོལ་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མིས་འཛིན་བཟུང་གཅར་རྡུང་གིས་བཙན་ཁྲིད་བྱས། སྐབས་དེར་ས་གནས་ཀྱི་རྒྱ་ཆེའི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་ཁོང་གཉིས་ཀློད་བཀྲོལ་མ་བཏང་ན་ཚང་མས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་ཞེས་སྐད་འབོད་བརྒྱབ་པས་གློད་ཙམ་བྱུང་ཡང་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག
རྒྱལ་གཅེས་དཔའ་མོ་བདེ་སྐྱིད་ཆོས་འཛོམས་ལགས་ནི། སྐྱེ་རྒུ་གྲོང་ཁྱེར་དང་ས་ཐག་ཉེ་བོ་ཡོད་པའི་དཔལ་ཐང་གྲོང་ཚོའི་ཁོངས་མི་ཡིན་ཞིང་། ཁྱོ་གའི་མིང་ལ་དབང་གྲགས་དང་། ཁོང་གཉིས་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་སྐྱེ་རྒུ་སློབ་གྲྭར་འགྲོ་བཞིན་ཡོད་འདུག
ལོ་འགའི་སྔོན་ནས་སྐྱེ་རྒུ་གྲོང་ཁྱེར་དུ་གནས་སྤོས་ཀྱིས་ཚོང་ལས་གཉེར་བཞིན་ཡོད་འདུག ད་ལྟའི་ཆར་དེ་སྔོན་སྐྱེ་རྒུའི་ས་ཡོམ་བརྒྱབ་པའི་གནས་ཚུལ་འོག་རྒྱ་གཞུང་གིས་སྐྱེ་རྒུ་བསྐྱར་འཛུགས་ཀྱི་ལས་གཞིར་ཁ་གཡར་ནས་བོད་པའི་ས་ཁང་དང་རྒྱུ་ནོར་དཔལ་འབྱོར་བཙན་འཕྲོག་དང་། བོད་པའི་ཆོས་དང་རིག་གཞུང་རྩ་གཏོར། རྒྱ་མི་མང་པོ་གནས་སྤོ་བྱེད་རྒྱུའི་ངན་རྒུ་ཚང་བའི་སྲིད་བྱུས་ལག་བསྟར་བྱས་ཏེ། ཞེ་དཀར་ཐང་མགོ་དང་། བཀྲ་ཤིས་དར་ཐང་། བཀྲ་ཤིས་ཁོག་པ། རྡུལ་སྙེད་སྒང་། སྟོབས་ལྡན། སུམ་བདེ་བཅས་ས་གནས་ཁག་དྲུག་ནང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༢ ཉིན། སྐྱེ་རྒུ་མདོ་སྲིང་མོ་མདོ་སྟོད་དགོན་པའི་མགྲོན་ཁང་དང་ས་ཆ་བཙན་འཕྲོག་བྱེད་རྩིས་བྱེད་སྐབས། དགོན་པའི་གྲྭ་མང་གིས་མི་འདོད་པའི་རྣམ་འགྱུར་བསྟན་པར། རྒྱ་གཞུང་ཉེན་རྟོག་དམག་མིས་དགེ་འདུན་པ་ ༣༠ ཙམ་དང་། ལྷག་པར་དུ་སྤྲུལ་སྐུ་རིན་ཆེན་ཚེ་རིང་རིན་པོ་ཆེ་རྒྱ་མིས་འཛིན་བཟུང་གིས་གཅར་རྡུང་ཚད་མེད་བྱས་པ་ཡོངས་གྲགས་ཆགས་ཡོད་པ་སོགས་ཀྱིས་ས་གནས་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་དང་། རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་འདུ་ཤེས་ཇེ་ཆེ་དང་རྣམ་འགྱུར་ཤུགས་ཆེ་རུ་ཕྱིན་ཡོད་གནས་འབྲེལ་ཡོད་ཉི་མ་བཀྲ་ཤིས་ལགས་ནས་མཁོ་སྤྲོད་བྱས་བྱུང་།
གསར་འགོད་བསྒྲགས་གཏམ་ནང་བཀོད་དོན། “ ཁོང་མོ་ནི། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༤༢ པ་དེ་ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ ཡོད་པའི་ནང་། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་མ་བཏང་བ། དེ་སྲིད་དུ་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་བསྲེགས་སོགས་ཀྱིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཆ་ཚང་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ཡ་ལན་སྤྲོད་ས་མེད་ཅེས་བཀོད་འདུག