༢༠༡༢ ཟླ་ ༧ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་སིམ་ལ་གཏན་སློབ་ཀྱི་རྩེད་ཐང་དུ་ས་གནས་གཞིས་ལས་ཁང་གིས་གོ་སྒྲིག་འོག་ས་གནས་བོད་མི་སེར་སྐྱ་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཁུལ་དེར་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་དགོན་པའི་དབུ་བླ་དང་སྔ་འགྱུར་རྙིང་མའི་སྲོག་ཤིང་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་སྐུ་མགྲོན་གཙོ་བོ་ཤིམ་ལའི་རྫོང་དཔོན་ཨ་རུན་ཀུ་མཱར་ Dr. Arun Kumar མཆོག མཁྱེན་བརྩེ་ཡང་སྲིད་རིན་པོ་ཆེ་མཆོག་སོགས་ཕེབས་ཡོད།
དེ་ཡང་ཉིན་གསུམ་གྱི་སྐུའི་འཁྲུངས་སྐར་དུས་ཆེན་སྐབས་སིམ་ལ་གཏན་སློབ་སློབ་ཕྲུག་རྣམས་ཀྱིས་རྩེད་འགྲན་དང་གཞས་སྣ་འཁྲབ་སྟོན་ཞུས་པ་མ་ཟད། སིམ་ལ་གཞིས་ལས་ཁང་ནས་བོད་ཀྱི་སྨན་རྩིས་ཁང་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་མཐུན་འགྱུར་འོག་རྒྱ་གར་ཡུལ་མི་ཚོར་རིན་མེད་བོད་སྨན་སྦྱིན་གཏོང་དང་བརྟག་དཔྱད་སོགས་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་ཡང་ཞུས་པར་ས་གནས་བོད་རིགས་སེར་སྐྱ་མང་ཚོགས་དང་རྒྱ་གར་ཡུལ་མི་བཅས་ཚང་མས་དོ་སྣང་ཧ་ཅང་གནང་ཡོད་པ་བཅས།།