༢༠༡༢ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་མོན་གྷོ་རྭ་སྟོད་གྲྭ་ཚང་གི་ཕྱག་མཛོད་ཁང་ནས་ ༢༠༡༢ ཟླ་ ༧ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ཁལ་ལི་ཕོར་ནི་ཡའི་ལོང་བྷི་ཆི་ California Long Beach ཁུལ་དུ་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༢༠ ཉིན་དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ་ལགས་སུ་རྭ་སྟོད་གྲྭ་ཚང་གི་མཁན་པོ་གསར་པར་བསྐོ་གཞག་གི་ཕྱག་རྟགས་རིན་པོ་ཆེ་གསོལ་རས་སྩལ་རྗེས་གསར་མཇལ་ཞུས་ཡོད་ཀྱང།
རྭ་སྟོད་གྲྭ་ཚང་གི་མཁན་པོ་གསར་པའི་ཁྲི་འདོན་མཛད་སྒོ་དངོས་གཞི་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒྱུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྭ་སྟོད་གྲྭ་ཚང་གི་དགོན་པའི་ནང་དུ་གཟའ་སྐར་འབྱུང་འཕྲོད་དགེ་བ་དང་བསྟུན་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་རྭ་སྟོད་གྲྭ་ཚང་གི་གཙུག་ལག་ཁང་གི་ཡང་སྟེང་དུ་བཀྲ་ཤིས་ཁྲ་རིང་དང་། གདུགས་དང་རྒྱལ་མཚན་བ་དན་སོགས་ཀྱིས་མཆོད་སྤྲིན་སྤྲོས་པའི་ཐོག གྲྭ་ཚང་དང་ཁང་ཚན་སོགས་ཀྱི་དགེ་བསྐོས་དང་། ཕྱག་མཛོད། ཁང་ཚན་དགེ་རྒན་རྣམས་ཀྱིས་མཁན་རིན་པོ་ཆེ་མཆོག་གཟིམ་ཆུང་ནས་སྤོས་སྣེས་སྔུན་བསུས་ཏེ་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་མེ་ཞལ་ཕྱེ་དང་སྙན་ཤལ་ཕུལ་རྗེས། ༸གོང་ས་མཆོག་གི་བཞུགས་ཁྲིའི་སྟེང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་མཁན་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་རྗེས་མོན་གྷོ་ས་གནས་གཞིས་འགོས་གཙོས་བླ་སྤྲུལ་དགེ་བཤེས་རྣམས་དང་གྲྭ་ཚང་ཕྱག་མཛོད། ལས་སྣེ་དབུ་ཆོས་རྣམས་ནས་མཁན་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་དང་མཇལ་དར་ཕུལ་ཡོད དེ་ནས་རིམ་བཞིན་མོན་གྷོ་ས་གནས་འཐུས་ཚོགས་དང། དགེ་འདུན་འདུས་མང། སློབ་གྲྭ་ཁག་གི་སློབ་སྤྱི། ཨ་རི་དང་། ཨི་ཊ་ལི། རྒྱ་གར་བ་བཅས་སྐུ་མགྲོན་རྣམ་པ་དང་། གཞིས་གྲོང་ཁག་གི་བརྒྱ་དཔོན་བཅས་འབྲེལ་ཡོད་མི་གྲངས་ཉིས་བརྒྱ་བརྒལ་བ་རྣམས་ཀྱིས་མཁན་རིན་པོ་ཆེ་མཆོག་ལ་མཇལ་དར་ཕུལ་ཏེ་ཁྲི་འདོན་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།