༢༠༡༢ ཟླ་ ༧ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་བྷེ་ནང་རྟེན་གཞི་བྱས་པའི་ཨེ་སི་པི་ཇེན་འཛིན་སྐྱོང་དང་ཉམས་ཞིབ་སྡེ་ཚན་ (SP Jain Institute of Management and Research, Mumbai) གྱིས་བོད་མིའི་ཚོང་ལས་ཡར་རྒྱས་ལས་གཞི། (Empowering Tibetan Businesses, ETB) ཞེས་པ་གོ་སྒྲིག་ཞུ་རྒྱུ་ཡིན་འདུག ལས་གཞི་དེའི་འོག་བཙན་བྱོལ་བོད་མི་ཁག་གཅིག་གིས་ཚོང་ལས་གསར་དུ་འགོ་འཛུགས་བྱ་རྒྱུ་དང། དེ་སྔ་ཚོང་གི་མ་རྩ་ཡོད་མཁན་རྣམས་ལ་ཚོང་ལས་རྒྱ་ཆེ་རུ་ཇི་ལྟར་གཏོང་ཐུབ་མིན་གྱི་ཟབ་སྦྱོང་སྤྲད་དེ་བཙན་བྱོལ་བོད་མིའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏོང་ཐབས་གནང་རྒྱུ་ཡིན་འདུག སྤྱིར་བོད་མིའི་ཚོང་ལས་ཡར་རྒྱས་ལས་གཞི་ (ETB) ཞེས་པ་དེ་ནི་བོད་མིའི་གཞིས་ཆགས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ལས་གཞི། Economic Development of Tibetan Settlements (EDOTS) ཞེས་པ་དེའི་ཆ་ཤས་ཤིག་ཡིན་འདུག ལས་གཞི་དེའི་འོག་སྐྱེ་ལྡན་སོ་ནམ་དང་ལག་ཤེས། དེ་བཞིན་བོད་མིའི་ཚོང་ལས་མ་རྩ་འཛུགས་རྒྱུའི་ལས་རིགས་སོགས་ཡར་རྒྱས་གཏོང་རྒྱུ་ཡིན་འདུག
ཊེཀ་ནོ་སབ་(TechnoServe) ཚོགས་པ་དེ་འཛམ་གླིང་ནང་དབུལ་ཕོངས་ངལ་སེལ་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཚོག་སཔ་དེ་ཡན་ལག་ལས་ཁུངས་རྒྱལ་ཁབ་ ༣༠ ལྷག་གི་ནང་ཡོད། ཚོགས་པའི་ལས་ཁུངས་ཨ་མ་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད། བོད་མིའི་ཚོང་ལས་ཡར་རྒྱས་ལས་གཞིའི་འོག་འཛིན་སྐྱོང་དང་འབྲེལ་བའི་ཚོང་དོན་ལས་རིགས་མི་འདྲ་བ་གཉིས་ཐོག་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པ་ནི།
༡༽ ཚོང་ལས་གཞི་རྒྱ་ཆེ་རུ་གཏོང་ཐབས། ཚན་པ་དེའི་ནང་ཚོང་གི་མ་རྩ་བཙུགས་ཏེ་ཉུང་མཐར་ལོ་གསུམ་ཕྱིན་པ་དགོས་རྒྱུ་དང། ཚན་པ་འདིའི་ནང་དུ་་ཁྱོན་མི་གྲངས་ ༣༠ འདེམས་སྒྲུག་བྱ་རྒྱུ་ཡིན་འདུག
༢༽ ཚོང་གི་ལས་འཆར་བཀོད་སྒྲིག་བྱེད་སྟངས། ཚན་པ་འདིར་ཚོང་གི་མ་རྩ་འཛུགས་འཕྲལ་ཡིན་པ་དང་། ཡང་ན་ཚོང་ལས་ཐོག་རང་ཉིད་ལ་འཆར་གཞི་རྒྱ་ཆེན་པོ་ཡོད་མཁན་ཙམ་མ་ཟད། འཆར་གཞི་དོན་འཁྱོལ་ཆེད་ཆོད་སེམས་བརྟན་པོ་ཡོད་མཁན་དགོས། ཚན་པ་འདིར་ཁྱོན་མི་གྲངས་ ༣༠ འདེམས་སྒྲུག་བྱ་རྒྱུ་ཡིན་འདུག
ཟབ་སྦྱོང་དེ་གཉིས་ཐབས་ལམ་མི་འདྲ་བ་གཉིས་ཐོག་ནས་སློབ་ཁྲིད་གནང་རྒྱུ་ཡིན་པ་ནི།
༡༽ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༠།༡༦ བདུན་ཕྲག་གཅིག་རིང་ཟབ་སྦྱོང་བ་རྣམས་མུམ་བྷེའི་འཛིན་སྐྱོང་དང་ཉམས་ཞིབ་བསྟི་གནས་ཁང་ (SP Jain Institute of Management and Research, Mumbai) གི་ནང་དུ་ཟབ་སྦྱོང་གནང་རྒྱུ་དང།
༢༽ བདུན་ཕྲག་གཅིག་རིང་གི་ཟབ་སྦྱོང་གྲུབ་རྗེས། ཚོང་ལས་གཞི་རྒྱ་ཆེ་རུ་གཏོང་ཐབས་ཀྱི་ཚན་པའི་(Business Accelerator) ནང་མཉམ་ཞུགས་གནང་མཁན་ཆ་ཚང་དང། ཚོང་གི་ལས་འཆར་བཀོད་སྒྲིག་བྱེད་སྟངས། (Business Plan Competition) ཚན་པའི་ནང་ནས་མི་སྣ་གྲག་གྲས་ལྔ་འདེམས་སྒྲུག་གིས་ཁོང་རྣམས་ལ་ཊེཀ་ནོ་སབ་ TechnoServe ཚོགས་པའི་སློབ་སྟོན་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༧ ཚེས་ ༣༡ བར་འབྲེལ་ཡོད་གཞིས་ཆགས་སོ་སོར་གནས་སྡོད་བྱས་ཏེ་ལམ་སྟོན་གནང་རྒྱུ་ཡིན་འདུག ཚོང་གི་ལས་འཆར་བཀོད་སྒྲིག་བྱེད་སྟངས་ཚན་པའི་ཟབ་སྦྱོང་བ་རྩེ་ཕུད་ལྔ་ལ་མ་འཛུགས་ཆེད་ཧིན་སྒོར་འབུམ་གཅིག་གནང་རྒྱུ་དང། ཟབ་སྦྱོང་བ་ཚོར་ཟབ་སྦྱོང་རིང་སྡོད་ཁང་དང་ཞལ་ལག་བཅས་ཚང་མ་གོ་སྒྲིག་ཚོགས་པས་ནར་གཏོང་གནང་རྒྱུ་ཡིན་འདུག་ཀྱང་ལམ་གྲོན་དོ་བདག་རང་ཉིད་ནས་གཏོང་དགོས།
ཟབ་སྦྱོང་ནང་འཛུལ་བཞུགས་བྱ་རྒྱུའི་ལམ་སྟོན།
༡༽ཟབ་སྦྱོང་ནང་འཛུལ་བཞུགས་བྱ་འདོད་ཡོད་ཚེ་དྲ་རྒྱའི་ཁ་བྱང་ www.empoweringtibetanbusiness.com བརྒྱུད་ཐད་ཀར་ (Online) ནས་སྙན་ཞུ་འབུལ་འཐུས་ཆོག་པ་དང་།
༢༽དྲ་རྒྱ་ནས་འགེངས་ཤོག་ཟུར་འཇོག་བྱས་ཏེ་ (Download) འགེངས་ཤོག་ལེགས་པར་བཀང་རྗེས་[email protected] ཁ་བྱང་ཐོག་ཨི་མེལ་ (E-mail) བརྒྱུད་བཏང་འཐུས་ཆོག
༣༽ གཞིས་ལས་ཁང་ནས་འགེངས་ཤོག་བླང་རྗེས་འགེངས་ཤོག་ལེགས་པར་བཀང་སྟེ་ས་གནས་འགོ་འཛིན་ལའང་་འབུལ་འཐུས།
ཟབ་སྦྱོང་སྤྲོད་ཚེས།
༡༽ ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༡ ནས་ཟླ་ ༨ ཚེས་ ༡༡ བར་གཞིས་ཆགས་འདྲ་མིན་ནང་ཟབ་སྦྱོང་སྐོར་ངོ་སྤྲོད་བྱས་ཏེ་མི་མང་གང་མང་མཉམ་ཞུགས་ཡོང་ཐབས་བྱ་རྒྱུ།
༢༽ ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༢ བར་འགེངས་ཤོག་ཕུལ་ཚར་བ་དགོས།
༣༽ ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༠ ནང་ཚུད་ལ་ཟབ་སྦྱོང་ནང་འདེམས་སྒྲུག་བྱུང་བའི་ཚོགས་མི་རྣམས་ཀྱི་ཚན་གཞུང་གསལ་བསྒྲགས་བྱ་རྒྱུ། གསལ་བསྒྲགས་དེ་བཞིན་དྲ་རྒྱ་དང་གཞིས་ལས་ཁང་གཉིས་ནས་གནང་རྒྱུ།
༤༽ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༠།༡༦ བར་མུམ་བྷེའི་འཛིན་སྐྱོང་དང་ཉམས་ཞིབ་བསྟི་གནས་ཁང་ (SP Jain Institute of Management and Research, Mumbai) དུ་ཟབ་སྦྱོང་སྤྲོད་རྒྱུ།
༥༽ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༦ ཉིན་ཚོང་གི་ལས་འཆར་བཀོད་སྒྲིག་བྱེད་སྟངས། ཚན་པའི་ནང་ནས་གྲག་གྲས་མི་སྣ་ལྔ་འདེམས་སྒྲུག་བྱུང་བ་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་བྱ་རྒྱུ།
༦༽ ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༡ བར་འདེམས་སྒྲུག་བྱུང་བའི་ཟབ་སྦྱོང་བ་རྣམས་ལ་འབྲེལ་ཡོད་གཞིས་ཆགས་སོ་སོར་མུམ་བྷེ་འཛིན་སྐྱོང་དང་ཉམས་ཞིབ་བསྟི་གནས་ཁང་གི་སློབ་སྟོན་པ་ཁག་གཅིག་གིས་ལམ་སྟོན་གནང་རྒྱུ་ཡིན།
ཟུར་མཆན། ཟབ་སྦྱོང་དེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚོང་ལས་སྡེ་ཚོགས། (Tibetan Chamber of Commerce) དེ་བཞིན་རྒྱ་གར་བོད་མིའི་ཚོང་ལས་སྤྱི་མཐུན་ཚོགས་པ་(Federation of Tibetan Chambers of India) བཅས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད།
ཊེཀ་ནོ་སབ་ TechnoServe དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་གིས་རྡ་ས་ལ་ (Dharamshala) སྡེ་ར་སྡུན། (Dehradun) ལྡི་ལི། (Delhi) བྷེང་ལོར། (Bangalore) བྷེལ་ཀོབ། (Bylakuppe) བྷིར། (Bir) ལ་དྭགས། (Ladakh) མོན་གྷོ་ (Mundgod) བཅས་སུ་ཕེབས་ཏེ་ཟབ་སྦྱོང་སྐོར་གོ་རྟོག་རྒྱ་ཆེ་སྤེལ་རྒྱུ་མ་ཟད། མང་ཚོགས་གང་མང་ནས་མཉམ་བཞུགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག་པ་བཅས།།