༢༠༡༢ ཟླ་ ༧ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༨ ཉིན་ནོར་གླིང་གི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་དང་འབྲེལ་ནད་གཞིའི་སྐོར་མི་མང་དང་སློབ་ཕྲུག་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་འདུག
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ ༤༠༠ བརྒལ་བ་ལྷན་འཛོམས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དྲུང་སྐལ་བཟང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་ཨ་རིའི་(Standford University)མཐོ་སློབ་ཏུ་ཕྱི་ལུགས་སྨན་པའི་ཆེད་ལས་སློབ་གཉེར་གནང་བཞིན་ཡོད་པའི་བསྟན་འཛིན་བསོད་ནམས་ལགས་ཀྱིས་ནད་གཞི་དེའི་སྐོར་ལམ་སྟོན་གསུང་བཤད་གནང་དོན། དགེ་ལས་སློབ་ཕྲུག་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ང་ཚོ་བོད་པ་ཕྱི་ལོ་ ༡༩༥༩ རྗེས་རྒྱ་གར་དུ་འབྱོར་མ་ཐག་ལམ་བཟོ་སོགས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅན་ཞན་པའི་ཐོག་གནས་དགོས་བྱུང་ཡོད། དེང་སང་བོད་མི་འཛམ་གླིང་ས་ཕྱོགས་གང་སར་སླེབས་ཏེ་འཚོ་བའི་ཆ་རྐྱེན་གང་ཙམ་ཡར་རྒྱས་ཕྱིན་ཡོད་ཀྱང་། ནད་གཞི་འདི་རིགས་བཙན་བྱོལ་བོད་མིའི་ཁྲོད་ད་དུང་བརྒྱ་ཆ་གང་ཙམ་ཡོད་པ་མ་ཟད། འཛམ་གླིང་ཧྲིལ་པོའི་མི་འབོར་གྱི་ནང་ནས་ལོ་རེ་མི་གྲངས་འབུམ་དྲུག་ཙམ་ནད་གཞི་འདིའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་གྱི་ཡོད་པར་བརྟེན།
ང་ཚོ་བོད་མིའི་སྤྱི་ཚོགས་ནང་དུའང་ཉེན་ཚབས་ཆེ་བའི་ནད་གཞི་ཡིན་པས་མི་རེ་ངོ་རེ་ནས་སོ་སོར་ནད་གཞི་དེ་ཡོད་མེད་སྨན་ཁང་དུ་ངེས་པར་བརྟག་དཔྱད་བྱེད་རྒྱུ་གལ་ཆེ་ཡིན་པ་དང་། མིའི་ལུས་པོའི་ནང་ཡོད་མཆིན་པས་ཁྲག་གཙང་བཟོ་དང་ཟས་མ་ཞུ་བ་ཞུ་འཇུག་པའི་བྱེད་ལས་ལྡན་ཡོད། དེ་བཞིན་མཆིན་པའི་གཉན་ཚད་ནད་ཀྱི་ནད་འབུ་དེའི་ངོ་བོ་དང་། རྣམ་གྲངས། འགོས་སྟངས། ནད་རྟགས་ཇི་ཐོན་དང་། སྔོན་འགོག་བྱེད་སྟངས་རྣམས་ཞིབ་ཕྲ་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་ནས་སློབ་ཕྲུག་རྣམས་དང་ནད་གཞི་དེའི་སྐོར་ལ་དྲི་བ་དྲིས་ལན་གནང་རྗེས་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ།
དེ་མཚུངས་ཆུ་ཚོད་ ༡༡།༣༠ ཐོག་ས་རཱ་མཐོ་སློབ་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་གྲངས་ ༢༠༠ བརྒལ་བར་ནད་གཞི་དེའི་སྐོར་གོ་རྟོགས་སྤེལ་རྒྱུར་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། རྡ་ས་མེག་གྷན་དུ་མི་མང་རྣམས་ལ་ནད་གཞི་དེ་དང་འབྲེལ་བའི་དཔུང་རྟགས་དང་། ནད་འབུ་དེའི་གོ་རྟོགས་སྤེལ་རྒྱུར་ངོ་སྤྲོད་འགྲེལ་བཤད་འཁོད་པའི་ལྟེབས་ཤོག ལས་རྟགས་སོགས་འགྲེམས་སྤེལ་གྱིས་འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་དང་འབྲེལ་གོ་རྟོགས་སྤེལ་བའི་ལས་འགུལ་རྒྱ་ཆེ་སྤེལ་འདུག་བཅས། །