༢༠༡༢ ཟླ་ ༧ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༩ ཉིན་རྡ་སའི་ཉེ་འགྲམ་ས་རཱ་མཐོ་སློབ་ཚོགས་ཁང་དུ་འབྱུང་འགྱུར་ལས་བྱེད་གསར་བསྐོའི་དམིགས་བསལ་ཟབ་སྦྱོང་དབུ་འབྱེད་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཤག་གི་སྐུ་ཚབ་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་དབུས་ལས་བྱེད་འདེམས་ལྷན་དང་དབུས་འོས་བསྡུའི་འགན་འཛིན་གཅིག་ལྕོག་འཇམ་དཔལ་ཆོས་བཟང་ལགས། སྤྱི་ཁྱབ་འཆར་འགོ་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་གཙོས་ཕྱག་རོགས་ལས་བྱེད་རྣམ་པ་དང་། གཞན་ཡང་ཟབ་སྦྱོང་ནང་མཉམ་ཞུགས་བ་བཅས་ཁྱོན་མི་གྲངས་ ༥༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོས་ཟབ་སྦྱོང་དབུ་འབྱེད་ཀྱི་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་བོད་རྒྱལ་ཁབ་ཁབ་ཆེན་མོའི་རྒྱལ་གླུ་བཏང། དེ་ནས་བོད་བསྟན་སྲིད་ཆེད་རང་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པར་རྗེས་སུ་ཡི་རང་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས། བོད་ཀྱི་གཉའ་འཕྲང་ཅན་གྱི་དུས་སྐབས་འདིར་བོད་ཀྱི་རྩ་དོན་བསྒྲུབ་རྒྱུ་ལས་གལ་ཆེ་བ་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་ལ་ཐུགས་ཕན་གསོས་ཆེད་ལས་བྱེད་ཚད་ལྡན་ཡོང་བའི་རེ་བ་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོས་ཟབ་སྦྱོང་གི་དམིགས་ཡུལ་ངོ་སྤྲོད་རྗེས་སྐུ་མགྲོན་གཙོ་བོས་གསུང་བཤད་གནང་དོན། ཐོག་མར་ངས་ཁྱེད་རྣམ་པར་བཀའ་ཤག་གི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཟབ་སྦྱོང་འདི་སྤྲོད་དགོས་དོན་ནི་བོད་མིའི་སྒྲིག་འཛུགས་ནང་མི་ཆ་གསོ་སྐྱོང་བྱས་ཏེ་ས་སྟོང་ཡོད་པ་དེ་དག་བཀང་ནས་གནས་ཚད་ལྡན་པ་ཞིག་ཡོང་རྒྱུ་དགོས་དམིགས་ཡུལ་བཟུང་ཡོད། མི་ཆ་དང་ཤེས་ཚད་མི་འདང་བ་ཡིན་ན་སྒྲིག་འཛུགས་ག་ཚོད་སྐད་གྲགས་ཆེན་པོ་ཡིན་ཡང་དམིགས་ཡུལ་སྒྲུབ་མི་ཐུབ་པ་ནི་གསལ་པོ་རེད། མི་ནུས་པ་ཅན་ཞིག་ཏུ་འགྱུར་རྒྱུར་ཤེས་ཚད་གོང་མཐོར་གཏོང་དགོས་པ་དེར་ལོ་ངོ་ཉེར་ལྔ་ཙམ་གྱི་ལས་ཀའི་མྱོང་བའི་ཐོག་ནས་ཞུས་ན།
རང་གི་མ་སྐད་གཙོས་སྐད་ཡིག་གཉིས་ཚད་ལྡན་དགོས་པ་མ་ཟད། ཤེས་ཚད་འཇོན་ཐང་གི་ཐབས་ཤེས་ཟུང་འབྲེལ་གནང་ཐུབ་པ་ཞིག་དགོས་ཀྱི་ཡོད། ཕྱིའི་མཐུན་རྐྱེན་ལེགས་པོ་ག་ཚོད་བསྐྲུན་ཀྱང་མཉམ་ཞུགས་གནང་མཁན་ཚོས་ཀུན་སློང་དང་བསམ་པའི་འཁྱེར་སོ་ཡག་པོ་མེད་ན་དོན་སྨིན་ཡོང་རྒྱུར་ཧ་ཅང་ཁག་པོ་ཡིན། ཀུན་སློང་རྣམ་དག་ཐོག་ནས་སྤྱི་ཚོགས་ལ་ཕན་བདེའི་བསྒྲུབ་རྒྱུ་དང་། དོན་གཉེར་ཆེན་པོས་ལས་དོན་བྱེད་སེམས་ཡོད་ན་ལས་དོན་གང་ཞིག་ཡིན་རུང་མཐའ་འཁྱོལ་ཡོང་རྒྱུའི་ཁྱད་པར་ཡོད། དེ་བཞིན་སོ་སོའི་སྐབས་ཐོག་ལས་དོན་གང་ལ་ཞུགས་པ་དེ་མཐར་ཕྱིན་པ་ཞིག་བྱེད་དགོས་བསམས་པ་བཅས་ཕྱི་ནང་གསང་གསུམ་གྱི་རྒྱུ་རྐྱེན་དང་ནུས་པ་ཚང་བའི་ཐོག་ནས་བོད་བསྟན་སྲིད་ཐོག་ཕྱག་ལས་གནང་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་གསུང་བཤད་གནང་། དེ་རྗེས་ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
ཐེངས་འདིའི་འབྱུང་འགྱུར་ལས་བྱེད་གསར་བསྐོའི་དམིགས་བསལ་ཟབ་སྦྱོང་འདི་ཟླ་བ་ལྔའི་རིང་སྤྲོད་རྒྱུ་ཡིན་པ་མ་ཟད། རྒྱུགས་གཞིའི་ནང་འཛུལ་ཞུགས་ཀྱི་ཆ་རྐྱེན་ཚང་བ་མི་གྲངས་ ༡༦༤ བྱུང་བའི་ནང་ནས་རྩེ་ཕུད་ ༤༠ འདེམས་སྒྲུག་གནང་བ་ཞིག་ཡིན་འདུག་པ་བཅས། །