༢༠༡༢ ཟླ་ ༧ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༨ ཉིན་རྒྱལ་སྤྱིའི་མཆིན་པའི་གཉན་ཚད་ཉིན་མོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་སྤེལ་བའི་བསྒྲགས་གཏམ་ནང་འཁོད་དོན། བོད་རིགས་སྤུན་ཟླ་རྣམས་ལ། བོད་ཕྱི་ནང་དུ་གནས་པའི་བོད་མི་མང་དག་ཅིག་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞིས་གནོད་འཚེ་ཕོག་ཡོད། མཆིན་པའི་གཉན་ཚད་ཀྱི་ནད་གཞིས་རྐྱེན་པས་རང་རིགས་མང་པོའི་ལུས་ལ་སྡུག་བསྔལ་དང་། སྤྱི་ཚོགས་ནང་མིང་རྗེས་ངན་པའང་ཆགས་ཀྱི་ཡོད། ནད་གཞི་འདིས་གནོད་འཚེ་ཕོག་པ་དང་ཆབས་ཅིག་རང་རེའི་སྤྱི་ཚོགས་ནང་ཁྱབ་གདལ་འགྲོ་རྒྱུར་ངེས་ཅན་གྱི་ཚད་གཞི་གང་ཡང་མེད། མཆིན་པའི་གཉན་ཚད་ཀྱི་ནད་འབུ་འདྲ་མིན་ལྔའི་ནང་ནས་ཧེབ་བྷིའི་ནད་འབུ་ཨིཆ་བྷི་ཝི་(Hep B virus(HBV) གྱིས་འགྲོ་བ་མིའི་མི་འབོར་གཅིག་ཆ་གསུམ་ལ་གནོད་འཚེ་བཟོས་ཡོད།
མཆིན་པའི་གཉན་ཚད་ཀྱི་རྡོག་ཁྲིས་ལྕི་མོ་ཞིག་བྱེ་བྲག་གང་ཟག་དང་། ནང་མི། དེ་བཞིན་རྒྱལ་ཁབ་སྤྱི་ལ་འཕྲད་བརྟེན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༨ ཉིན་རྒྱལ་སྤྱིའི་མཆིན་པའི་གཉན་ཚད་ཀྱི་ཉིན་མོར་ངོས་འཛིན་གནང་རྒྱུའི་གྲོས་ཆོད་བཞག་ཡོད། ཕྱི་ཟླ་ ༧ ཚེས་ ༢༨ ཉིན་མོ་འདི་བཞིན་མཆིན་པའི་གཉན་ཚད་ཀྱི་ཉིན་མོར་འདེམས་དགོས་དོན་ནི་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་སློབ་དཔོན་བྷ་རུཅུཇ་ས་མིའུལ་འབུ་ལུམ་འབག་(Professor Baruch Samuel Blumberg) གྱི་འཁྲུངས་ཚེས་འཁེལ་ཡོད། ཌོག་ཊོར་འབུ་ལུམ་འབག་ (Dr.Blumberg) ནས་ཕྱི་ལོ་ ༡༩༦༧ ལོར་མཆིན་པའི་གཉན་ཚད་ཧེབ་པ་ཊ་ཀྲི་སི་བྷི་ནད་འབུ་བྷི་ (Hepatitis B virus) གསར་དུ་བརྙེས་མཁན་དང་། ཕྱི་ལོ་ ༡༩༦༩ ལོར་མཆིན་པའི་གཉན་ཚད་ཀྱི་སྔོན་འགོག་སྨན་ཁབ་ཐོག་མར་གསར་གཏོད་ཀྱང་གནང་ཡོད།
མཆིན་པའི་གཉན་ཚད་ནད་འབུ་འདིས་བྱེ་བྲག་རྐྱང་པ་གཅིག་པུར་མིན་པར་སྤྱི་ཚོགས་ཡོངས་ལ་གནོད་སྐྱོན་གཏོང་བཞིན་ཡོད། ནད་གཞི་འདི་བཞིན་རྒྱ་ཁྱོན་ངེས་ཅན་ཞིག་འོག་སྟངས་འཛིན་སྔོན་འགོག་བྱེད་ཐུབ། དོན་དངོས་མཆིན་པའི་གཉན་ཚད་ཀྱི་སྔོན་འགོག་སྨན་ཁབ་ཐོག་མར་མི་ལོ་ ༣༠ གོང་གསར་གཏོད་གནང་བ་ཞིག་ཡིན་རུང་མང་པོ་ཞིག་ནས་ནད་གཞི་འདི་བཞིན་སྟངས་འཛིན་སྔོན་འགོག་ཐུབ་ཀྱི་ཡོད་པ་ཤེས་རྟོགས་མེད་པར་བརྟེན། མི་མང་པོའི་འཚེ་སྲོག་ལ་གནོད་འཚེ་བཟོ་མཁན་གྱི་ནད་གཞི་ཞིག་ཏུ་གནས་ཡོད། འདི་ལོ་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ནས་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་གཏན་འབེབས་གནང་བའི་ལོ་གཉིས་པར་དུས་དྲན་སྲུང་བརྩི་སྟོབས་ཤུག་ནུས་སྤེལ་དང། རྒྱབ་སྐྱོར་རམ་འདེགས་ཐོག་ནད་འབུ་མཚམས་འཇོག་ཆེད་ནད་གཞི་སྔོན་འགོག་གི་གོ་རྟོགས་དམིགས་ཡུལ་སྒྲུབ་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཉིན་མོ་འདི་བཞིན་གཞུང་འབྲེལ་དུས་དྲན་སྲང་བརྩིའི་ཆེད་འཛམ་གླིང་ནང་དངོས་སུ་མང་ཚོགས་དང་མཉམ་ཞུགས་ཐོག་མར་དེ་ཞུས། ནད་གཞི་འདིས་མཆིན་པར་གཉན་ཁ་དང་ཚ་བ་རྒྱས་ཀྱི་ཡོད། དེ་ཡང་གཉན་ཚད་ཀྱི་ནད་འབུ་གཙོ་བོ་ཧེབ་པ་ཊི་ཀྲིསི་ནད་འབུ་ཨེའི་ Hepatitis A virus(HAV) ཧེབ་པ་ཊི་ཀྲིསི་ནད་འབུ་བྷིའི་ Hepatitis B virus
(HBV)ཧེབ་པ་ཊི་ཀྲིསི་ནད་འབུ་སིའི་ Hepatitis C virus (HCV) ཧེབ་པ་ཊི་ཀྲིསི་ནད་འབུ་ཌིའི་ (Hepatitis D virus (HDV) ཧེབ་པ་ཊི་ཀྲིསི་ནད་འབུ་ཨི་ Hepatitis E virus (HEV) བཅས་ལྔ་ནས་བྱུང། ཨེ་ཆི་ཨེ་ཝི་ (HAV) དང་ཨེ་ཆི་ཨི་ཝི་(HEV) གཉིས་ནི་རྒྱུན་དུ་ཟས་མི་གཙང་བ་དང་ཆུ་མི་གཙང་བ་ཁོག་པའི་ནང་ཤོར་བའི་རྐྱེན་གྱིས་བྱུང། ཨེ་ཆི་བྷི་ཝི་(HBV) དང་། ཨེ་ཆི་སི་ཝི་ (HCV) དེ་བཞིན་ཨེ་ཆི་ཌི་ཝི་ (HDV) བཅས་ནི་ནད་གཞི་ཕོག་ཟིན་པའི་རླན་གཤེར་ཅན་གྱི་གཟུགས་པོ་ནས་འགོས་པ་དང།
དེས་རྒྱུན་རིང་ངམ་ཚབས་ཆེན་གྱི་མཆིན་པའི་གཉན་ནད་ཕོག ནད་རྟགས་སུ་སྐབས་འགར་ཁོག་པ་ཟུག་རྒྱབ་པ་དང། ཐང་ཆད་པ། ཚ་བ་འབར་བ། དང་ག་རླག་པ། ཞེ་མེར་ལོག་པ། སྐྱུག་པ་སྐྱུག་པ། པགས་པ་གསེར་པོར་གྱུར་བ་བཅས་མང་པོ་ཡོད་ནའང། མང་ཆེ་བར་ནད་རྟགས་འདི་རིགས་གང་ཡང་མི་འཐོན། དེར་བརྟེན་དྭོགས་ཟོན་རན་པོ་མ་བྱས་ཚེ་མཆིན་པའི་གཉན་ཚད་ཀྱི་ནད་འདིས་མཆིན་པར་རྨ་ཆགས་པ་དང། སྐྲན་ནད་དུ་འགྱུར་བ། དེ་བཞིན་གྲོངས་བ་སོགས་ཡོང་བཞིན་ཡོད། ང་ཚོར་མཆིན་ནད་ཡོད་ནའང་ད་དུང་འཆར་ཅན་བཞིན་ཚོར་གྱི་མེད་སྟབས་རང་རིགས་མང་པོ་ཞིག་ལ་ནད་འགོས་ཡོད་མེད་མ་ཤེས་པ་དང། ནད་འབུ་དེ་སོ་སོའི་དགའ་ཉེ་ཚོར་ཁྱབ་སྤེལ་གཏོང་བཞིན་ཡོད། ནད་གཞི་འདི་བཞིན་རང་རེའི་སྤྱི་ཚོགས་ནང་ཁྱབ་གདལ་ཆེ་བ་ཞིག་ཡིན་མུས་སུ་ཡོད། མཆིན་པའི་གཉན་ཚད་གི་ནད་གཞི་འདི་འགོག་ཐབས་མེད་པའི་སྣང་ཚུལ་འཆར་མཁན་ཡོང་སྲིད་ཀྱང་དེ་དག་འགོག་ཐབས་ཡོད།
ང་ཚོས་མཉམ་རུབ་ཀྱི་ཐོག་ནས་འགོག་ཐབས་བྱ་ཐུབ། ཨེ་ཆེ་ཨེ་ཝི་ (HAV) དང་ཨེ་ཆི་ཨི་བྷི་ཝི་ (HBV) གཉིས་སྨན་ཁབ་བརྒྱུད་སྔོན་འགོག་བྱ་ཐུབ། ཨེ་ཆི་སི་ཝི་ (HCV) དང་ཨེ་ཆི་ཨིཝི་( HEV) གཉིས་པོ་འཇིག་ཉེན་མེད་པར་སྡོད་དེ་སྔོན་འགོག་ཐུབ། ང་ཚོས་ནད་གཞི་འགོས་མིན་རྟག་དཔྱད་བྱ་དགོས་པ་དང་། སྔོན་འགོག་སྨན་ཁབ་རྒྱག་རྒྱུ། དེ་བཞིན་ནད་འདི་འགོག་རྒྱུར་མཉམ་ཞུགས་བཅས་བྱ་དགོས། འཕྲོད་བསྟེན་མཐུན་རྐྱེན་མཁོ་སྤྲོད་ཞུ་མཁན་རྣམས་ནས་ནད་གཞི་གོ་རྟོགས་སྤེལ་སླད་མང་ཚོགས་མཉམ་ཞུགས་ཐོག་ཕན་ཚུན་གོ་སྤེལ་དགོས་པ་ཡིན། ཚང་མས་མཉམ་དུ་ནད་འབུ་ཁྱབ་གདལ་འགོག་ཐབས་དང་རྩ་མེད་བཟོ་ཐབས་བྱ་དགོས། ས་གནས་སོ་སོའི་སྨན་ཁང་དུ་ཕེབས་ནས་མཆིན་པའི་གཉན་ཚད་ནད་གཞི་རྟག་དཔྱད་ཇི་ལྟར་ཐུབ་མིན་སྐད་ཆ་འདྲི་དགོས། ཅི་སྟེ་ཁྱད་རང་ལ་ནད་འདི་འགོས་མེད་ཚེ་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཚང་མས་ནད་འདི་ནས་སྲུང་སྐྱོབ་ཆེད་སྔོན་འགོག་སྨན་ཁབ་རྒྱག་གི་རེད། ཕྲུ་གུ་ལོ་ལྔའི་བར་ནད་འདིའི་སྔོནའགོག་སྨན་ཁབ་འཕྲོད་བསྟེན་སྨན་ཁང་ཁག་ནང་རིན་མེད་རྒྱག་གི་ཡོད་སྟབས་ཕྲུ་གུ་ཚང་མར་ངེས་པར་སྔོན་ཁབ་རྒྱག་དགོས། གལ་ཏེ་ཁྱེད་རང་ལ་ནད་འདི་ཡོད་ཚེ་ཟས་བཅུད་ཚུལ་མཐུན་དང་སྔོན་འགོག་ཐབས་ལམ་ཐོག་ནད་འདིའི་གནོད་སྐྱོན་གྱི་ནུས་པ་ཉུང་དུ་གཏོང་ཐུབ།
དེ་བཞིན་འགའ་ཤས་ལ་སྨན་བཅོས་ཀྱིས་དྲག་ཐུབ། ཁྱེད་རང་གི་ཕྲུ་གུ་དང་ཕ་མ། གྲོགས་པོ། སྤྱི་ཚོགས་བཅས་ལ་སློབ་སྟོན་ཐུབ་ཆེད་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་སྐོར་ཤེས་དགོས། དུས་ཡུན་རིང་པོ་ཞིག་གི་ནང་མཆིན་པའི་གཉན་ཚད་ཀྱི་ནད་ཧེབ་པ་ཊི་ཀྲིསི་བྷིའི་ Hepatitis B འདི་བཞིན་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནད་དོན་ཆེ་བ་ཞིག་ཆགས་ཡོད། ང་ཚོས་ད་ལྟ་ནད་གཞི་ཁྱབ་གདལ་འགོག་ཐབས་ངེས་པར་ལག་བསྟར་བྱ་དགོས།
ནད་གཞི་བརྟག་དཔྱད་དང། སྔོན་ཁབ་རྒྱག་རྒྱུ། དེ་བཞིན་ནད་འདིའི་སྐོར་ཤེས་རྟོགས་མཉམ་ཞུགས་ཡོང་ཆེད་ཚང་མར་སོ་སོའི་ས་གནས་སྨན་ཁང་དུ་ངེས་པར་ཕེབས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་བཅས། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ནས།།