༢༠༡༢ ཟླ་ ༧་ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༧ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱང་ཐག་སྤྱི་ལེ་ ༡༦༠ ཙམ་གྱི་སར་ཡོད་པའི་འདམ་གཞུང་གི་ཁྲོམ་གཞུང་དུ་རང་ལོ་ ༢༢ སོན་པའི་བོད་མི་འབྲོག་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད། སྐབས་དེར་ཁོང་གིས་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ཚིགས་བསྒྲགས་འདུག གནས་ཚུལ་ཐོན་མ་ཐག་རྒྱ་མིའི་ཉེན་རྟོག་དམག་མིས་མེ་བསད་དེ་ཁོང་གི་ལུས་པོ་རས་བཏུམས་བརྒྱབ་སྟེ་བཙན་འཁྲིད་བྱས་ཡོད་ཀྱང་། ཁོང་གི་ལུས་པོར་མེས་བརྒྱ་ཆ་ ༩༠ ཙམ་ཚིག་ཟིན་པར་བརྟེན་གནས་ཚུལ་འབྱོར་གསལ་ལྟར་ན། ཁོང་ད་ཆ་འདས་གྲོངས་སུ་གྱུར་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་གནད་དོན་དེར་ཧ་ཅང་སེམས་འཚབ་བྱེད་བཞིན་ཡོད། ད་ལྟ་ཁུལ་དེར་རྒྱ་མིའི་ཉེན་རྟོག་པ་དང་དྲག་ཆས་དམག་མིས་འཕྲིན་གཏོང་དང་ཁ་པར་སོགས་བརྒྱུད་ལམ་བཀག་ཡོད་པ་མ་ཟད། གནས་ཚུལ་དེ་མིག་མཐོང་ལག་སོན་བྱུང་བའི་མི་རྣམས་འཛིན་ཟུང་བཀག་ཉར་བྱས་པ་སོགས་དམ་བསྒྲགས་ཧ་ཅང་ཆེ་རུ་བཏང་བར་བརྟེན་གནས་སྟངས་ཛ་དྲག་ཆགས་ཡོད། ཕྱོགས་མཚུངས་ཨ་རིའི་གསར་ཤོག་ནིའུ་ཡོཀ་དུས་བབ་ (New York Times) ནང་གནས་ཚུལ་ཐོན་གསལ་ལྟར་ན། རང་ལུས་མེར་སྲེག་གི་དོན་རྐྱེན་མང་ཤོས་བྱུང་སའི་བོད་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ལ་ཕྱི་རྒྱལ་ལྟ་སྐོར་བ་སོགས་ལ་དམ་བསྒྲགས་བྱེད་བཞིན་ཡོད་འདུག
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༤༣ གྱིས་༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་མི་ཚོར་རང་དབང་དགོས་པའི་དགོས་འདུན་འདོན་བཞིན་དུ་རང་ལུས་མེར་སྲེག་བཏང་ཡོད་པ་བཅས།།
འདམ་གཞུང་ཁུལ་དུ་བོད་མི་ཚེ་དབང་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་འཚབ་ཡོད།
གསར་གནས།
འབྲེལ་གནས།