༢༠༡༢ ཟླ་ ༧ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་བཞུགས་སྒར་དུ་འབྱོར་བར་བརྟེན་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ ཉིན་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ཆེད་གཞུང་འབྲེལ་མཛད་སྒོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བདེན་པའི་མེ་ལྕེ་སྐོར་སྐྱོད་རྡ་སར་འབྱོར་བའི་མཛད་སྒོར་ཕེབས་མཁན་ཡོངས་ལ་ཐུགས་རྗེ་ཞུས་པ་ཆབས་ཅིག་གསུང་བཤད་གནང་དོན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གང་འདྲ་ཞིག་གི་འོག་འགྲོ་བཞིན་པ་དེ་བསྐྱར་བཤད་བྱེད་མ་དགོས་པ་ཚང་མས་མཁྱེན་གསལ་རེད། གཞིས་བཞུགས་བོད་མིའི་མངོན་འདོད་དང་། ཁོང་རྣམ་པས་རང་སྲོག་འབེན་ལ་བཙུགས་ཏེ་འགན་འཁུར་གྱིས་ལས་འགུལ་སྤེལ་བ་དེ་འཛམ་གླིང་ཁྱོན་ཡོངས་ལ་ངོ་སྤྲོད་ཡང་དག་པ་ཞིག་བྱེད་རྒྱུའི་འགན་འཁྲི་གཙོ་བོ་བཙན་བྱོལ་དུ་ཡོད་པའི་ང་ཚོ་བོད་མི་ཚོར་ཡོད། དེའི་ནང་ནས་འཛིན་སྐྱོང་བཀའ་ཤག་གིས་འགན་གཙོ་བོ་བཞེས་དགོས་ཀྱི་ཡོད།
འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པས་གཙོས་བཀའ་བློན་རྣམ་པ་མང་ཆེ་བས་བར་ལམ་ཟླ་བ་གཅིག་གཉིས་ནང་ཕྱི་རྒྱལ་དུ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཙམ་མ་ཟད། ས་ཁུལ་གཞན་མང་པོ་ཞིག་ཏུ་ཕེབས་ཏེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བོད་མི་དང་། ཕྱིའི་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཁག་ལ་ངོ་སྤྲོད་གནང་བའི་ཐོག་ཁོང་རྣམ་པའི་རྒྱབ་སྐྱོར་ཐོབ་ཐུབ་པའི་ལས་འགན་ཤུགས་ཆེ་བཞེས་བཞིན་ཡོད། ཐུགས་སྣང་གནང་མཁན་ཚོས་དྲ་རྒྱ་དང་། རླུང་འཕྲིན། གསར་ཤོག་བཅས་བརྒྱུད་ལམ་ཁག་ནང་མཐོང་རྒྱུ་ཡོད། རྩ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཡོད་པ་མ་ཟད། ཁྲིམས་བཟོ་མཁན་གྱི་སྒྲིག་འཛུགས་ཆེ་ཤོས་ཡིན། འོན་ཀྱང་ད་ལྟའི་ང་ཚོ་བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་པར་ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ལ་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཁྲིམས་བཟོའི་འཐུས་མི་རྐྱང་པ་ཡིན་བསམ་སྟེ་བསྡད་ན་ཕན་ཐོགས་མེད་པ་གསལ་པོ་རེད།
དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་བོད་པའི་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་མ་ཐོབ་བར་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཡིན་ནའང་། རྒྱ་གར་དང་རྒྱལ་སྤྱིའི་ནང་གང་ཐུབ་ཅི་ཐུབ་སོ་སོའི་ནུས་པ་བཏོན་ཏེ་ལས་འགུལ་སྤེལ་བཞིན་ཡོད། ད་ལྟ་འགྲོ་བཞིན་པའི་བདེན་པའི་མེ་ལྕེའི་ལས་འགུལ་ལྟ་བུར་མཚོན་ན། ཟླ་བ་མང་པོ་ཞིག་གི་རིང་གོ་བསྡུར་གནང་བ་དང་འབྲེལ་ལས་རིམ་བང་སྒྲིག་རྒྱུ་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ད་ལྟ་རྒྱུག་བཞིན་ཡོད།
སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་ཤོད་མཁན་ཡོད། ལས་འགུལ་སྤེལ་མ་སྤེལ་ཐོག་འགྲིག་མ་འགྲིག་ཤོད་མཁན་མང་པོ་ཡོད། ང་རང་ཚོའི་འགན་དེ་ང་ཚོའི་འཁྱེར་དགོས་ཀྱི་རེད། ཐེངས་འདིའི་ལས་འགུལ་ལྟ་བུ་དུས་ཚོད་ཡུན་རིང་དང་གཞི་རྒྱ་ཆེན་པོ་འདི་འདྲ་ཕལ་ཆེར་དེ་སྔ་བྱུང་ཨེ་ཡོད་བསམ་གྱི་འདུག ལས་འགུལ་འདི་བརྒྱུད་བོད་མི་གནས་སྡོད་ས་གནས་ཁག་ཡོངས་རྫོགས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་རྒྱུ་དང། བོད་རིགས་ཚང་མ་ལས་འགུལ་འདིའི་ནང་མཉམ་ཞུགས་བྱེད་ཐུབ་རྒྱུའི་གོ་སྐབས་བསྐྲུན་གྱི་ཡོད། དེ་དང་སྟབས་བསྟུན་ས་གནས་ཁག་ཏུ་བདེན་པའི་མེ་ལྕེ་མ་འབྱོར་གོང་དང་འབྱོར་ཚར་བའི་རྗེས་སུའང་ས་རྟགས་བསྡུ་རུབ་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་ཆབས་ཅིག་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད།
དེ་བཞིན་རྒྱ་གར་ནང་ཆ་བཞག་ན་མངའ་སྡེ་རེ་རེའི་ནང་མངའ་སྡེའི་གཞུང་སོ་སོར་སྙན་ཞུ་འབུལ་རྒྱུས་མཚོན་གསར་འགོད་ལྷན་ཚོགས་འཚོགས་རྒྱུ། ང་ཚོར་དུས་རྒྱུན་དུ་རྒྱབ་སྐྱོར་བྱེད་མཁན་དང་དེ་སྔ་རྒྱབ་སྐྱོར་བྱེད་མྱོང་མཁན། མ་འོངས་པར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་པ་རྣམས་གདན་ཞུས་ཀྱིས་བོད་མིར་རྒྱབ་སྐྱོར་མཚོན་ཆེད་གསུང་བཤད་གནང་རྒྱུའི་གོ་སྐབས་བླངས་ཡོད། རྒྱ་གར་ནང་ཁ་སྔོན་འཁྲུངས་སྐར་དུས་ཆེན་སྐབས་ནས་འགོ་བཙུགས་པ་རེད། དེ་བཞིན་ཡུ་རོབ་དང་བྱང་ཨ་རིའི་ཁུལ་དུ་ཕྱི་ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་ཉིན་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ བར་མཇུག་སྒྲིལ་བྱ་རྒྱུའི་བང་སྒྲིག་ཡོད། ཅེས་དང།
ལྷག་པར་ཚོགས་གཙོ་མཆོག་གིས་གསུང་དོན། ཉེ་ཆར་གོ་ཐོས་བྱུང་བ་ཞིག་ལ་རྒྱ་ནག་གཞུང་གི་བོད་ནང་སྲིད་བྱུས་འཛིན་སྟངས་ཐོག་ཕྱིར་སྡོད་བོད་མི་རྣམས་ལ་དངུལ་དང་དངོས་པོ། ཡང་ན་ཞབས་སྟེགས་སྤྲད་དེ་བསླུ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་གསལ་པོ་འདུག ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་དངུལ་དང་དངོས་པོར་མགོ་འཁོར་ནས་རྒྱ་ནག་གཞུང་ལ་མགོ་འདོགས་པ་དང། རྒྱ་ནག་གཞུང་གི་ངོས་ནས་ཐབས་ཤེས་བྱེད་པ་དེ་ལམ་ལྷོང་ཡོང་རྒྱུའི་ཆ་རྐྱེན་དེ་དག་བསྒྲུབ་ན། ས་ཁུལ་གཞན་ཡོངས་རྫོགས་ལ་བེད་སྤྱོད་གཏོང་རྒྱུ་ཡིན་པ་བཤད་མི་དགོས་པ་རེད།
རྒྱ་ནག་གཞུང་གི་ད་ལྟ་བར་ས་ཁུལ་གཅིག་ལ་སྲིད་བྱུས་གཅིག་ལག་བསྟར་བྱས་པ་དེ་ལམ་ལྷོང་ཕྱིན་ན། དེ་ས་ཁུལ་གཞན་ཁག་ལ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པར་བརྟེན།རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་མཁྲེགས་བཟུང་གི་སྲིད་བྱུས་ཐོག་བོད་མི་ཚོར་བསླུ་བྲིད་བྱ་རྒྱུའི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་དང་བྱེད་བཞིན་ཡོད། ཅེས་ཞུ་རྒྱུ་དང།
བོད་ནང་བྱེད་སྟངས་དང་ལྷག་པར་རྒྱལ་སྤྱིའི་ནང་རྙོག་གྲ་ཆེ་ཤོས་སི་རི་ཡའི་ནང་ཆགས་ཡོད། སི་རི་ཡའི་རྙོག་གྲ་ལྟ་བུར་མཚོན་ན། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་ནུབ་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་ཀྱིས་སི་རི་ཡའི་ནང་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཕུལ་བ་དེ་དག་ལ་འགོག་རྐྱེན་བཟོ་སྟངས་ལ་ལྟས་ན། ཕྱོགས་གཅིག་ནས་རྒྱ་ནག་ནང་འགོ་ཁྲིད་ཀྱི་འགྲན་བསྡུར་མང་པོ་ཞིག་འགྲོ་བཞིན་ཡོད། ཕྱོགས་གཉིས་ནས་ད་ལྟའི་རྒྱལ་སྤྱིའི་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དེ་ནས་བསླབ་བྱ་མ་ལེན་པར་བོད་ནང་མུ་མཐུད་གདུག་རྩུབ་ཤུགས་ཆེ་རུ་བཏང་བ་མ་ཟད། འཛམ་གླིང་སྟེང་འགན་མ་འཁྱེར་མཁན་གྱི་རྒྱལ་ཁབ་དེ་ཚོར་རྒྱབ་སྐྱོར་བྱེད་མཁན་དཔོན་རིགས་ཚོར་རྒྱབ་སྐྱོར་ཞུ་རྒྱུར་རྒྱ་ནག་གཞུང་གིས་མུ་མཐུད་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་གསལ་པོ་རེད།
དེར་བརྟེན་ང་ཚོ་བོད་པའི་དཀའ་ངལ་ལམ་སང་སེལ་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་ཁག་པོ་རེད། འོན་ཀྱང་འདི་ལྟ་བུའི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་ཡོད་པ་བཅས།།