༢༠༡༢ ཟླ་ ༧ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༧ རེས་གཟའ་མིག་དམར་ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་འཛམ་གླིང་ནང་མང་གཙོ་དང་རང་དབང་སྲུང་སྐྱོབ་ཆེད་བཙུགས་པའི་གནས་ཚུལ་རྒྱང་སྲིང་ལས་ཁུངས་འགན་འཛིན་ལྷན་ཚོགས་ཀྱི་ (Broadcasting Board of Governors) ཚོགས་གཙོ་སྐུ་ཞབས་མེ་ཁལ་མི་ཧན་(Michael Meehan) མཆོག་དང་། རྒྱལ་སྤྱིའི་རྒྱང་སྲིང་ལས་ཁུངས་ International Broadcasting Bureau ཀྱི་འགན་འཛིན་སྐུ་ཞབས་རི་ཆ་ཌི་ཨེམ་ལོ་བྷོ་ Richard M. Lobo མཆོག་མཇལ་འཕྲད་གནང་ཡོད།
སྐབས་དེར་འགན་འཛིན་རྣམ་གཉིས་ཀྱིས་བོད་མིའི་རང་དབང་དང་མང་གཙོའི་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་སྐོར་བརྗོད་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་གནས་ཚུལ་རྒྱ་ཁྱབ་ཏུ་གཏོང་ཐབས་བྱ་རྒྱུའི་ཁས་ལེན་ཡང་གནང་ཡོད། གོང་བརྗོད་རྒྱང་སྲིང་ལས་ཁུངས་དེ་དག་གིས་བོད་སྐད་གསར་འགྱུར་བརྒྱུད་ལམ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་(VOA) དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་(RFA) སོགས་ཀྱི་མཐུན་འགྱུར་གནང་བཞིན་ཡོད།
ཆུ་ཚོད་གཅིག་ཙམ་གྱི་མཇལ་འཕྲད་སྐབས་བཀའ་ཁྲི་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས། སྐལ་རྡོར་དབུ་དཀར་ཚང། འཇིགས་མེད་རྣམ་རྒྱལ་ལགས་བཅས་ཡོད་འདུག མཇལ་འཕྲད་གྲུབ་མཚམས་གནས་ཚུལ་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། གནས་ཚུལ་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ནས་བོད་ཀྱི་གནས་ཚུལ་སྐོར་རླུང་འཕྲིན་དང་བརྙན་འཕྲིན། དྲ་རྒྱ་སོགས་བརྒྱུད་ལམ་འདྲ་མིན་ཁག་ནང་ཆུ་ཚོད་ ༢༤ རིང་རྒྱང་སྲིང་ཞུ་རྒྱུ་དང་དྲ་རྒྱའི་གནས་ཚུལ་དེ་དག་འཛམ་གླིང་ས་ཕྱོགས་ཀུན་ནས་ལྟ་ཐུབ་རྒྱུ་ཡིན། བོད་མི་ཞི་རྒོལ་བ་ཚོར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པའི་གནས་ཚུལ་དང་བོད་རང་སྐྱོང་ལྗོངས་དང་། དེ་བཞིན་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་ཁག་ནང་བོད་མིའི་ཆབ་སྲིད་དང་ཆོས་དད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གཙོ་ཆེ་ཤོས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གིས་རྒྱང་སྲིང་གནང་བཞིན་ཡོད་པ་མ་ཟད། གནས་ཚུལ་དེ་དག་ལ་གཞི་བཅོལ་ཏེ་གསར་འགྱུར་བརྒྱུད་ལམ་གཞན་གྱིས་ལུང་འདྲེན་བྱེད་བཞིན་ཡོད། ཅེས་སོགས་འཁོད་ཡོད།
སྤྱིར་འདི་ལོ་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་གནས་ཚུལ་རྒྱང་སྲིང་ལས་ཁུངས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Michael Meehan མཆོག་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་(RFA President) ལྕམ་སྐུ་ལི་བྷེ་ལིའུ་ Libby Liu) མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་སྐབས། བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་སོགས་བརྒྱུད་ལམ་ཁག་རྒྱལ་སྤྱིའི་ནང་རྒྱ་ཁྱབ་དུ་གཏོང་རྒྱུར་འབྲེལ་ཡོད་ལས་ཁུངས་ནས་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཆོད་སེམས་ཡོད། ཅེས་སྙན་སྒྲོན་ཞུས་ཡོད་པ་དེ་གཞི་རྩར་བཟུང་བའི་ཐོག་ནས་ཐེངས་འདིར་བཀའ་ཁྲི་མཆོག་དང་ལྷན་གནད་དོན་དེའི་སྐོར་གོ་བསྡུར་གནང་བ་ཞིག་ཡིན་པ་སྐུ་ཞབས་མེ་ཁལ་མི་ཧན་མཆོག་གིས་གསལ་བཤད་གནང་ཡོད།
དེ་བཞིན་གནས་ཚུལ་རྒྱང་སྲིང་ལས་ཁུངས་འགན་འཛིན་ལྷན་ཚོགས་ཀྱིས་འདི་ལོ་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་བོད་སྐད་གསར་འགྱུར་བརྒྱུད་ལམ་ཁག་གི་གལ་གནད་སྐོར་ཉམས་ཞིབ་གནང་བའི་སྙན་ཐོ་ཞིག་གསལ་བསྒྲགས་གནང་རྒྱུ་ཡིན་འདུག་པ་བཅས།།