༢༠༡༢ ཟླ་ ༧ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ ཉིན་གྱི་ཕྱེད་ཡོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་གཞིས་ཆགས་ནང་འཚམས་གཟིགས་གནང་བ་དང་ཆབས་ཅིག་ས་གནས་ཀྱི་སེར་སྐྱ་མི་མང་དང་སློབ་ཕྲུག་རྣམས་སོགས་ལ་སྔ་ཕྱི་རིམ་པས་གསུང་བཤད་གནང་ཡོད་པ་མ་ཟད། ཧུན་སུར་ནང་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་གཞིས་ཁོངས་ཀྱི་དབུ་ལས་སེར་སྐྱ་མི་མང་ཁྱོན་ཆེ་འདུ་འཛོམས་བྱུང་བ་རྣམས་ལ་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་སྔོན་ངས་ཆབ་སྲིད་ཀྱི་གནད་འགག་རྩིས་པའི་ཐོག་ཨ་རིའི་ཝ་ཤིང་ཊོན་དུ་བཅར་བ་གཞི་བཟུང་ཧ་ཅང་ཡག་པོ་བྱུང་སོང་སྙམ་གྱི་ཡོད། དམིགས་བསལ་གཞུང་འབྲེལ་ཐོག་ནས་ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་མང་དག་ཅིག་ཐུག་རྒྱུ་བྱུང་། དེ་བཞིན་ཡུ་རོབ་ཁུལ་དུའང་དེ་མཚུངས་བཅར་བ་ཡིན། ང་ཚོ་བོད་ཀྱི་ཆབ་སྲིད་ཐོག་ནས་བལྟས་ན་ཡུལ་ཁག་དེ་དག་ནང་ནས་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་སྔར་མུས་ཡོད་པ་ནི་ཧ་ཅང་གསལ་པོ་རེད། དེ་སྔོན་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩོལ་སྐབས་ང་ཚོ་ཚང་མར་སེམས་འཚབ་ཤུགས་ཆེན་བྱུང་ཡོད། ད་ཆ་མང་ཚོགས་རྣམས་ལྷིང་འཇགས་གནས་ཡོད། དེ་བརྟེན་མང་ཚོགས་ནས་ང་ཚོར་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་གྱི་སྐོར་དང་། དེ་སྔོན་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་སུ་ཕེབས་ཏེ་ཁུལ་དེའི་མི་མང་རྣམས་ཀྱི་གནས་སྟངས་གང་འདྲ་འོག་གནས་ཡོད་པའི་སྐོར་ལ་ཡང་གསུང་བཤད་གནང་སྟེ་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད། དེ་བཞིན་བཀའ་ཁྲི་མཆོག་གིས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་འོད་སྣང་སློབ་གྲྭའི་དགེ་ལས་སློབ་ཕྲུག་གྲངས་ ༢༥༠ བརྒལ་བར་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་བཀའ་ཁྲི་མཆོག་རྫོང་ཆོས་གྲྭ་ཚང་དང་ཨོ་རྒྱན་དགོན་པར་གནས་གཟིགས་སུ་ཕེབས་ཡོད་པ་བཅས། །