༢༠༡༢ ཟླ་ ༧ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བཀའ་ཤག་ནས་འདི་ལོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུའི་བཀའ་ཁྱབ་གནང་གསལ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༨ ཉིན་སིམ་ལ་ས་གནས་བོད་མིས་རེ་འདུན་ཞུས་པ་ལྟར།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་ནང་རྟེན་གཞི་བྱས་པའི་རི་ཛི (Ritz) ཐང་ཆེན་དུ་བོད་མི་སེར་སྐྱ་མང་ཚོགས་དང་ས་གནས་ཡུལ་མི། སློབ་ཕྲུག དེ་བཞིན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་གྲངས་ ༡༥༠༠བརྒལ་བ་འདུ་འཛོམས་བྱེད་སར་བོད་ཀྱི་བྱུང་རབས་དང་། བོད་མིའི་ངོ་བོ་མཚོན་པའི་ཐུན་མིན་རིག་གཞུང། ༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་པར་རིགས་འདྲ་མིན་ཁག་འགྲེམས་སྟོན་གནང་ཡོད།
ཐེངས་འདིའི་པར་རིགས་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་ཁག་གཉིས་ཡོད་པ་ནི། “ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་རྣམ།” དང༌། “བོད་ཀྱི་རྒྱལ་རབས།” ཞེས་པ་གཉིས་ཡིན་འདུག སྐབས་དེར་མང་ཚོགས་དང་སློབ་ཕྲུག་སོགས་ཀྱི་དོ་སྣང་ཆེན་པོ་གནང་ཡོད།
པར་རིགས་འགྲེམས་སྟོན་གྱི་ཞོར་དུ་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་ཕྱི་དྲིལ་ལས་ཁུངས་ནས་དཔར་སྐྲུན་གནང་བའི་དཔེ་དེབ་དང༌།
ཡིག་ཆ་འདྲ་མིན་རིན་མེད་ཐོག་མང་ཚོགས་ལ་འགྲེམས་སྤེལ་གནང་ཡོད། ཕྱོགས་མཚུངས་དེ་ཉིན་ས་གནས་ཡན་ལག་སྨན་རྩིས་ཁང་ནས་ཀྱང་བོད་ཀྱི་གསོ་བ་རིག་པའི་སྨན་ལུགས་ལྟར་ནད་གཞི་བརྟག་དཔྱད་དང་སྨན་སྦྱིན་བཏང་བར་ས་གནས་ཡུལ་མི་དང༌། རྒྱ་རིགས། ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་གྲངས་ ༡༠༠ ལྷག་གིས་མཉམ་ཞུགས་གནང་ཡོད།