༢༠༡༢ ཟླ་ ༧ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༩ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༧ ཉིན་ནིའུ་ཡོཀ་དང༌ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་རེས་གཟའ་སྤེན་པའི་གུང་གསེང་དང་བསྟུན་ནས་སྐུ་ཚབ་དོན་གཅོད་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཡི་ཤུའི་ལྷ་ཁང་ཨར་མི་ནི་ཡཱན་ཆ་ཆི་ནང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།
ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། བླ་སྤྲུལ་དགེ་བཤེས། བོད་ཀྱི་ཐེབས་རྩའི་འགན་འཛིན། དོན་ཁང་གི་ལས་བྱེད། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ཧི་མ་ལ་ཡའི་རི་རྒྱུད་མི་སྣའི་སྐུ་ཚབ། ཕྱི་རྒྱལ་གྲོགས་པོ་བཅས་ཁྱོན་མི་གྲངས་ ༡༥༠༠ ལྷག་ཙམ་མཛད་སྒོར་ཕེབས་ཡོད།
སྐུ་ཚབ་དོན་གཅོད་ཁང་གི་ལས་ཁུངས་ནས་མཛད་སྒོ་ཚུགས་ཡུལ་ཡི་ཤུ་ལྷ་ཁང་བར་དུང་དང་རྒྱ་གླིང་དཀྲོལ་གཏོང་དང༌། གཡག་དང་སེང་གེ་འཁྲབ་སྟོན་གནང་བཞིན་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་གི་བཞུགས་ཁྲིར་གདན་འདྲེན་ཞུས། དེ་ནས་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། བླ་སྤྲུལ་དགེ་བཤེས། བོད་ཀྱི་ཐེབས་རྩའི་འགན་འཛིན། གཞུང་ཞབས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ནས་སྐུ་པར་མཐོང་འགྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕེབས་པ་དང་ཆབས་ཅིག་༸རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་།
དེ་རྗེས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ཀྱིས་གསུང་བཤད་གནང་སྐབས། ཐེངས་འདིའི་སྐུའི་འཁྲུངས་སྐར་དུས་ཆེན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང༌། འཛིན་སྐྱོང་གི་སྐུ་དབང་ཡོང་རྫོགས་མི་དམངས་ནས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་རྗེས་ཀྱི་སྐུའི་འཁྲུངས་སྐར་ཐེངས་དང་པོ་ཡིན་པ་དང༌། རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཊེམ་པལ་ཊོན་གཟེངས་རྟགས་འབུལ་བཞེས་མཛད་ཙམ་ཡིན་པའི་དུས་ཚེས་དང་སྟབས་འཁེལ་བའི་སྐོར་སོགས་གསུང༌།
དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་སྐབས། ཐེངས་འདིའི་སྐུའི་འཁྲུངས་སྐར་གྱི་དམིགས་བསལ་རང་བཞིན་སྐོར་དང༌།
བྱང་ཨ་རིའི་ཁྱབ་ཁོངས་སུ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་ཡོད་པ་ཚང་མས་འདས་པའི་དུས་ཡུན་ནང་རྒྱལ་ཁབ་དང༌། མི་རིགས་ཀྱི་དོན་དུ་ཕྱག་ལས་ཧུར་ཐག་གནང་བའི་སྐོར། བོད་མི་རིགས་ནི་ཆོས་དང་རིག་གཞུང་ཤིན་ཏུ་ནས་ཕྱུག་པོ་ཡོད་པའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པའི་སྐོར། ༸གོང་ས་༉༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཅན་བོད་མི་རྣམས་མི་བཟང་པོ་ཞིག་བྱེད་དགོས་པའི་བླང་དོར་གྱི་བཀའ་སློབ་སྩལ་དང་སྩལ་མུས་སུ་ཡོད་པ་དེ་དག་ལག་བསྟར་འཁྱོལ་ཐུབ་པ་བྱུང་ན། དེ་ནི་སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཕྱག་རྟགས་ལེགས་ཤོས་ཡིན་པ་སོགས་ཀྱི་སྐོར་གསུང་གནང་ཡོད། བོད་ལུགས་རྟེན་འབྲེལ་གྱི་གནང་སྒོ་ཁག་གྲུབ་རྗེས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང༌། སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ནས་མངར་ཟས་སྒོ་ང་བཏུབ་སྟེ། ༉༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་མཚོན་པར་གནང༌། དེ་རྗེས་ཆོལ་གསུམ་ཟློས་གར་ཚོགས་པ་དང༌། ཉིན་སློབ། གཞས་པ་དང་གཞས་མ། ཚོགས་པ་སྐྱིད་སྡུག་ཁག་བཅས་ནས་མུ་མཐུད་དེ་རྣམ་པ་འདྲ་མིན་གྱི་རིག་གཞུང་འཁྲབ་སྟོན་དང༌། ཡུལ་ལུང་སོ་སོའི་གཞས་དང་ཞབས་བྲོ་སྣེ་འཛོམས་འཁྲབ་སྟོན་གནང་སྟེ་སྐུའི་འཁྲུངས་སྐར་གང་པོར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཉིན་རྒྱབ་ས་གནས་སྤྱི་འཐུན་ཚོགས་པ་སྐབས་ ༡༢ ཀྱི་ལས་རྒྱུན་རྫོགས་པ་བཞིན་རྒྱུན་ལས་གསར་པ་ ༡༣ འོས་འདེམས་གནང་བ་དང༌། དེ་བཞིན་སེར་སྐྱ་མང་ཚོགས་རྣམས་རྒྱ་གྲོང་ཕྷི་ལ་ཤིང་གི་ཀོ་རོ་ནཱ་སྤྱི་གླིང་དུ་འཛོམས་ཏེ་རང་རང་སོ་སོའི་དགའ་མོས་ཀྱི་ཐོག་ནས་ཉིན་གང་འཁྲུངས་སྐར་གྱི་སྤྲོ་སྐྱིད་གནང་ཡོད། དེ་ཉིན་ས་གནས་སྤྱི་མཐུན་ཚོགས་པའི་རིག་གཞུང་སྤྱི་ཁང་གི་ཆེད་དུ་སྒེར་པ་དང༌། ཚོགས་སྐྱིད་བཅས་ནས་ཞལ་འདེབས་ཨ་སྒོར་ཆིག་འབུམ་ལྔ་ཁྲི་ཙམ་ཕུལ་ཡོད་པ་རེད།
ཐེངས་འདིའི་སྐུའི་འཁྲུངས་སྐར་སྐབས་བྱང་ཨ་རིའི་ཁྱབ་ཁོངས་བོད་མི་གནས་ཡུལ་ས་གནས་ཚང་མར་རྣམ་པ་འདྲ་མིན་གྱི་ཐོག་ནས་བཀའ་ཤག་གི་བཀའ་འབྲེལ་ལྟར་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པའི་ཁྲོད་ནས་ས་གནས་གཅིག་དཔེ་མཚོན་ཞུས་ན། མི་ནི་སུད་ཊར་ས་གནས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཕྱི་ཟླ་ ༧ ཚེས་ ༢ ནས་བཟུང་ཕྱི་རྒྱལ་མི་སྣ་འདུ་འཛོམས་ཆེ་བའི་ས་གནས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་གྱི་གོམ་འགྲོས་དང༌། ཚེས་ ༣ ཉིན་སྤྱི་ཁང་ནང་༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་བརྟན་པའི་ཞབས་རིམ་གསོག་སྒྲུབ། གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མཆོད་འབུལ་རྗེས་དྲན། ཕྱི་ཚེས་ ༤ ཉིན་ཁ་ཆེ་དང༌། ཡི་ཤུ། ཇིའུ། ཧིན་རྡུ། ནང་པ་བཅས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་འཛོམས་ཀྱིས་རང་ལུས་མེ་ལ་སྒྲོན་མཁན་དཔའ་བོ་དཔའ་བོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་ཞབས་རིམ་གོ་སྒྲིག ཕྱི་ཚེས་ ༦ ཉིན་ཕྱི་རྒྱལ་སྐུ་མགྲོན་ཁག་གཅིག་གདན་ཞུས་ཀྱིས་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་གོ་སྒྲིག་གནང་ཡོད་པ་བཅས། །