༢༠༡༢ ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༤ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཁེ་ན་ཌར་ཕེབས་འབྱོར་བྱུང་སྐབས་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང་ཨོ་ཊ་བའི་(Ottawa) བོད་རིགས་ཚོགས་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ནང་སྲིད་བཀའ་བློན་མཆོག་གིས་ཕྱི་ཚེས་ ༥ ཉིན་ཁེ་ན་ཌའི་གྲོས་ཚོགས་གོང་འོག་གཉིས་ལ་གཟིགས་སྐོར་ཕེབས་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཡན་ལག་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སི་ཀོ་ཊི་རི་ཌི་ (Scott Reid) མཆོག་དང་ཁེ་ན་ཌའི་བློན་ཆེན་་ཟུར་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་བ་སྐུ་ཞབས་ཌེ་ཝི་ཌི་ཀིལ་གོར་ (David Kilgour) མཆོག་མཇལ་འཕྲད་གནང་སྟེ་རང་ལུས་མེར་སྲེག་གི་གནད་དོན་གཙོ་བོར་གྱུར་བའི་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་གནང་ཡོད།
དེ་བཞིན་ཁེ་ན་ཌའི་མི་སེར་དང་ཕྱི་མི་གནས་སྤོ། རིག་གཞུང་སྣ་མང་མཉམ་གནས་སྲིད་བྱུས་ཀྱི་བློན་ཆེན་དང་འགན་འཛིན་སྐུ་ཞབས་ཇེ་རི་ཌི་ནི་ཝོ་ཆི་མཆོག་ (Gerrit Nieuwoudt) མཆོག་དང་མཇལ་འཕྲད་ཀྱིས་རྒྱ་གར་ཨ་རུ་ན་ཅལ་པར་ཌེ་ཤི་མངའ་སྡེའི་ཁུལ་གྱི་མེའོ་དང་བསྟན་འཛིན་སྒང་དང། ཏི་ཛུ་བཅས་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་གནས་སྤོ་བྱ་རྒྱུའི་ལས་འཆར་ཐོག་བགྲོ་གླེང་གནང་ཡོད།
ཕྱི་ཚེས་ ༦ ཉིན་ནང་སྲིད་བཀའ་བློན་མཆོག་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་སུ་ཝི་ཌི་ David Sweet མཆོག་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཡོད་ལས་བྱེད་ཁག་གཅིག་དང། དེ་བཞིན་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཚོང་ལས་ཚོགས་ཆུང་གི་སྐུ་ཚབ་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་པ་བཅས།།