༢༠༡༢ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ ཉིན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཨོ་སི་ཊི་རི་ཡའི་ Austria རྒྱལ་ས་ཝི་ཡ་ནའི་ Vienna ནང་གི་བོད་རིགས་ཚོར་གསུང་བཤད་གནང་དོན། ང་ཚོ་སོ་སོའི་ལུང་པ་ནས་ཁ་བྲལ་ཏེ་གནས་ཡོད་ཀྱང་ཚང་མས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐོག་ནས་ནུས་པ་འདོན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་དམིགས་བསལ་འགན་ཞིག་ཡོད་པ་དེ་དུས་ནམ་ཡང་བརྗེད་མི་རུང། དེར་བརྟེན་ཁྱེད་རང་ཚོས་གང་ཐུབ་ཀྱིས་ས་གནས་བོད་རིགས་ཚོའི་ལས་དོན་གང་ཅིའི་ཐོག་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས། ཕྱོགས་མཚུངས་ཆོས་རིག་བཀའ་བློན་མཆོག་གིས་རྒྱལ་ས་ཝི་ཡ་ནའི་བོད་སྐྱོབ་ཐེབས་རྩའི་ Save Tibet ཚོགས་གཙོ་དང་ཚོགས་གཞོན་མཇལ་འཕྲད་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༡༡ ཉིན་ཆོས་རིག་བཀའ་བློན་མཆོག་གིས་ཇར་མན་གྲོང་ཁྱེར་ཧམ་བྷག་ Hamburg ཏུ་ཕེབས་ཏེ་ས་གནས་བོད་རིགས་ཚོར་གསུང་བཤད་གནང་དོན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནི་བོད་མིའི་བདེན་པའི་འཐབ་རྩོད་ཁྲོད་བྱུང་རབས་ཁ་ཕྱོགས་སྒྱུར་མཁན་གྱི་གནད་དོན་ཞིག་ཆགས་ཡོད།
རྒྱ་ནག་གཞུང་གིས་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་ཡོད་སྐོར་ཤོད་བཞིན་ཡོད་ཀྱང་། ད་བར་བོད་ནང་རྒྱ་ནག་གུང་ཁྲན་གི་དར་དམར་འོག་འཚར་ལོངས་བྱུང་བའི་བོད་མི་ ༤༣ གྱིས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད། བོད་ནང་གི་བོད་མི་གཞོན་སྐྱེས་ཚོས་མི་རིགས་ཀྱི་ལ་རྒྱ་དང་ཆོད་སེམས། སྙིང་སྟོབས་ཞུམ་པ་མེད་པར་གནས་པ་དེ་ནི་ང་ཚོར་བློ་སྤོབས་སྐྱེ་དགོས་པ་ཞིག་ཆགས་ཡོད། ཅེས་གསུངས་པ་དང་སྦྲགས།
བཀའ་ཤག་སྐབས་བཅུ་བཞི་པས་འདས་པའི་ལས་ཡུན་རིང་རྒྱལ་སྤྱིའི་ནང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཐོབ་ཆེད་ལས་དོན་སྣ་མང་སྤེལ་བའི་ཁོངས། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ཀྱིས་འབྲེལ་ཡོད་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་མགྲོན་འབོད་ཀྱིས་གསུང་བཤད་གནང་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད།
དེ་བཞིན་གྲོས་ཚོགས་སོ་སོའི་ནང་བོད་དོན་སྐོར་གླེང་བ་ཙམ་མ་ཟད། གྲོས་ཆོད་བཞག་པ་སོགས་རྒྱབ་སྐྱོར་གྱི་རྣམ་པ་ཧ་ཅང་ཚད་མཐོན་པོ་ཐོབ་ཡོད་སྐོར་གསུངས།བཀའ་བློན་མཆོག་གིས་མཐར་གསུང་བཤད་རྣམས་དོན་ཚན་གསུམ་སྙིང་བསྡུས་གནང་སྟེ་གསུང་དོན། རང་ཉིད་འགན་ཁུར་ལྡན་པའི་བོད་མི་ཞིག་བྱེད་དགོས་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་དྲན་ཐོག་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ། བོད་མིའི་སྒྲིག་འཛུགས་ནི་བོད་མི་ཚོའི་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན། སྒྲིག་འཛུགས་དེ་མི་སྒེར་པ་རེ་ཟུང་གི་མིན་པར་བོད་མི་ས་ཡ་དྲུག་གི་བདེ་དོན་བསྒྲུབ་ཆེད་བཙུགས་པ་ཞིག་ཡིན་སྐོར་གསུངས་པ་མ་ཟད། བཀའ་ཤག་གིས་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ཆོད་སེམས་བརྟན་པོས་རྒྱུན་འཁྱོངས་བྱ་ཐབས་གནང་བཞིན་ཡོད་སྐོར་སོགས་གསུངས།
བཀའ་བློན་མཆོག་ཇར་མན་ནིའི་གྲོང་ཁྱེར་ཧམ་བྷག་ཏུ་ཕེབས་འབྱོར་སྐབས་༸གོང་ས་མཆོག་གི་ཇར་མན་གསུང་བསྒྱུར་སྐུ་ཞབས་ཁི་རི་སི་ཊོ་པར་སི་པི་ཛི་ Mr. Christof Spitz མཆོག་དང་མཇལ་འཕྲད་ཀྱིས་ཁོང་ནས་བཀའ་བློན་མཆོག་ལ་གསོལ་སྟོན་ཞིག་ཀྱང་ཕུལ་ཡོད་པ་མ་ཟད། ཁུལ་དེར་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ལ་གཟིགས་སྐོར་དུ་ཁྲིད་ཡོད། ཕྱོགས་མཚུངས་བཀའ་བློན་མཆོག་གིས་ཧམ་བྷག་གཙུག་ལག་སློབ་ཁང་གི་ནང་ཆོས་ཚན་པའི་ Hamburg University’s Buddhist Centres འགན་འཛིན་སྐུ་ཞབས་མེ་ཁལ་ཛི་མར་མན་ Dr. Michael Zimmermann མཆོག་དང་གཙུག་ལག་སློབ་དཔོན་སྐུ་ཞབས་རྡོ་རྗེ་དབང་ཕྱུག་བཅས་ཀྱང་མཇལ་འཕྲད་གནང་ཡོད།
ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ཚེས་ ༡༤ ཉིན་ཨིན་ཡུལ་རྒྱལ་ས་ལོན་ཌོན་ London དུ་ཕེབས་ཏེ་བོད་རིགས་ཚོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།